ཕྱི་ལོ་༢༠༡༤ ཟླ་ ༩ ཚེས་ ༢༤ཉིན་སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་གྲོས་ཚོགས་ལས་ཉིན་མཐའ་མ་དེ་བཞིན་དཔལ་ལྡན་ཚོགས་གཙོ་མཆོག་གི་གྲོས་ཚོགས་དབུ་འཛུགས་དང་འབྲེལ། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༥ པས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༡༠་་༡༡ སོགས་ཀྱི་རྩིས་སྙན་ཁག་ལ་ཞིབ་འཇུག་ཞུས་པའི་གྲུབ་དོན་སྙན་ཐོར་འཛིན་སྐྱོང་བཀའ་ཤག་གིས་བདའ་འདེད་མཇུག་སྐྱོང་ཇི་གནང་སྙན་ཐོར། སྤྱི་འཐུས་རྒྱུན་ལས་ཀྱིས་བསྐྱར་ཞིབ་དང་འབྲེལ་མཇུག་གནོན་ཞུས་པའི་གྲུབ་དོན་སྙན་ཐོ་ཡིག་ཆ་ཨང་ ༦ པ་སྙན་སྒྲོན་ཟིན་པར་སྤྱི་ཡོངས་ནས་བགྲོ་གླེང་དང་དོགས་འདྲི་སོགས་གསལ་བཤད་མཐིལ་ཕྱིན་གནང་།
ཉིན་འདིའི་ལས་རིམ་ ༢ པ། གཞུང་འབྲེལ་གྲོས་ཆོད་གྲོས་འཆར། ཡིག་ཆ་ཨང་ ༦༧ པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་ ༡༢༠ པའི་དགོངས་དོན། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༥ པས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩི་ལོ་ ༢༠༡༠་་༡༡ སོགས་ཀྱི་རྩིས་སྙན་ཁག་ལ་ཞིབ་འཇུག་ཞུས་པའི་གྲུབ་དོན་སྙན་ཐོར་འཛིན་སྐྱོང་བཀའ་ཤག་གིས་བདའ་འདེད་མཇུག་སྐྱོང་ཇི་གནང་གི་སྙན་ཐོར། སྤྱི་འཐུས་རྒྱུན་ལས་ཀྱིས་བསྐྱར་ཞིབ་དང་འབྲེལ་མཇུག་གནོན་ཞུས་པའི་སྙན་ཐོར་བགྲོ་གླེང་ཟིན་པར་ཐག་གཅོད་དང་མཇུག་སྐྱོང་ཞུ་ཕྱོགས་ཀྱི་གཞུང་འབྲེལ་གྲོས་ཆོད་ཡིག་ཆ་ཨང་ ༦ པ་སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་ཀྱིས་བཏོན་གནང་བ་དང་། སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས་རྒྱབ་སྐྱོར་གནང་བ་སྤྱི་མོས་ཀྱིས་གཏན་ལ་ཕབ།
གཞུང་འབྲེལ་གྲོས་ཆོད་གྲོས་འཆར། བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༥ པའི་གྲོས་ཆོད་ཡིག་ཆ་ཨང་ ༢༠༡༣།༡༥།༥།༧དང་། ཡིག་ཆ་ཨང་ ༢༠༡༤།༡༥།༧།༩ འཁོད་པའི་དགོངས་དོན་ལྟར། རྒྱ་བལ་འབྲུག་གསུམ་ལས་གཞན་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་རིགས་ཇེ་མང་དུ་འགྲོ་བཞིན་པ་དང་། འབྱུང་འགྱུར་དེ་དག་མི་རབས་རིམ་བརྒྱུད་ཀྱིས་བོད་མིའི་འགན་འཁུར་ཇི་བཞིན་ཡོང་ཐབས་སོགས་ཀྱི་ཐད་ཡུལ་གྲུ་དེ་དག་ནང་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། བོད་རིགས་ཚོགས་པ་སོགས་ཀྱི་གནས་བབ་ཇི་ཆགས་སྐོར་ལ་གྲོས་ཚོགས་སུ་སྙན་སྒྲོན་དང་བགྲོ་གླེང་ཞིབ་པར་བྱུང་དོན་བཞིན་གཞུང་འབྲེལ་གྲོས་ཆོད་ཅིག་སྤྱི་འཐུས་གངས་ལྷ་མོ་ལགས་ཀྱིས་བཏོན་གནང་བ་དང་སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་ཀྱིས་རྒྱབ་སྐྱོར་གནང་བར་བཟོ་བཅོས་དང་འབྲེལ་སྤྱི་མོས་ཀྱིས་གཏན་ལ་ཕབ།
ཉིན་འདིའི་ལས་རིམ་ ༣ པ། ཁྲིམས་བཟོའི་ལས་དོན་ཁག་གི་བརྗོད་པ་གསུམ་པ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་སུམ་ཅུ་སོ་གཉིས་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། བོད་མི་མང་སྤྱི་འཐུས་རྣམས་ཀྱི་མཚན་མཐོང་དོད། ཉིན་རེའི་ལས་དོད། ཐོབ་ཐང་ གཞན་དག་བཅས་ཀྱི་སྒྲིག་གཞི། བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་དང། བསྡུ་དངུལ་གཞན་དག་གི་འབུལ་འབབ་ཁྲིམས་ཡིག བོད་རང་དབང་བདེན་པའི་ལས་འགུལ་གྱི་ས་གནས་ཚོགས་ཆུང་གི་སྒྲིག་གཞི། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང། བཀའ་བློན་རྣམ་པའི་ཕོགས་ཐོབ་དང། ཟུར་ཕོགས། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང། ཁྲིམས་ཞིབ་པ་གཞན་གཉིས་བཅས་ཀྱི་ཕོགས་ཐོབ་དང། ཟུར་ཕོགས། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་ཕོགས་དང། ཟུར་ཕོགས། ལས་ཐོན་ཕོགས་ཐོབ། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོའི་ཕོགས་དང། ཟུར་ཕོགས། ལས་ཐོན་ཕོགས་ཐོབ། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། བཙན་བྱོལ་བོད་མིའི་རྩིས་ཞིབ་སྤྱི་ཁྱབ་པའི་ཕོགས་དང། ཟུར་ཕོགས། ལས་ཐོན་ཕོགས་ཐོབ། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་གི་སྒྲིག་གཞི། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི། བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྒྲིག་གཞི། བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི། དེ་བཞིན་བཙན་བྱོལ་བོད་མིའི་ལོ་འཁོར་སྔོན་རྩིས་ཀྱི་རྩིས་ཤོག་རེའུ་མིག་ཁག་གཅིག་བཅས་ཀྱི་བསྐྱར་བཅོས་རྣམས་བརྗོད་པ་གསུམ་པའི་ཐོག་གཏན་ལ་ཕབ།
ཉིན་འདིའི་ལས་རིམ་ ༤ པ། སྤྱི་འཐུས་ལྷན་ཁང་གི་ཚོགས་དྲུང་སྟོབས་རྒྱལ་ལགས་ཀྱིས་སྤྱི་འཐུས་རྣམ་པས་དགོངས་ཤོག་ཕུལ་བ་ཁག་སྙན་སྒྲོན་གནང་བ་དང་། དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཚོགས་དུས་ ༨ པའི་མཇུག་བསྡོམས་ཀྱི་གསུང་བཤད་གནང་རྗེས་ཉིན་རྒྱབ་ཆུ་ཚོད་ ༣ དང་སྐར་མ་ ༤༠ ཙམ་ལ་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༨ པ་གྲོལ་བའི་གསལ་བསྒྲགས་གནང་བ་དང་བཅས།