ཕྱི་ལོ་༢༠༡༤ ཟླ་ ༩ ཚེས་ ༢༣ཉིན་སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གི་གྲོས་ཚོགས་དབུ་འཛུགས་ཐོག སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་ཨ་རི་སྐུ་ཚབ་དོན་གཅོད་ཁང་རྒྱལ་ས་ཝ་ཤིན་ཊོན་དུ་སྤོ་ཤུགས་གནང་བ་དང་འབྲེལ་བའི་སྐོར་གྱི་སྐར་རྟགས་ཅན་གྱི་དྲི་བ་ཨང་ ༩ པ་གནང་བར། དཔལ་ལྡན་སྲིད་སྐྱོང་མཆོག་ནས་ལན་འདེབས་གནང་བ་དང་། དེ་འབྲེལ་སྤྱི་འཐུས་ ༡༢ ཀྱིས་འཕྲོས་དོན་དྲི་བར་གནང་བ་ཁག་སོ་སོར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལན་འདེབས་གསལ་བཤད་གནང་།
ཉིན་འདིའི་ལས་རིམ་ ༢ པ། ཐུགས་སྣང་གཞེན་བསྐུལ་གྱི་གྲོས་འཆར་ཁག། ཡིག་ཆ་ཨང་ ༦༡ པ།གཞེན་སྐུལ་ཞུ་ཡུལ་དཔལ་ལྡན་ཕྱི་དྲིལ་བཀའ་བློན་མཆོག།བོད་མི་ཕྱི་རྒྱལ་ཡུལ་གྲུར་སྐྱབས་བཅོལ་ཞུ་མཁན་སྐོར་ལ་སྤྱི་འཐུས་བཀྲས་མཐོང་བསྟན་འཛིན་དབང་པོ་ལགས་ཀྱིས་ཐུགས་སྣང་གཞེན་བསྐུལ་གྱི་གྲོས་འཆར་ཞིག་བཏོན་གནང་བ་དང་། སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་རྒྱབ་སྐྱོར་གནང་།
ཐུགས་སྣང་གཞེན་བསྐུལ་གྱི་གྲོས་འཆར། ཡིག་ཆ་ཨང་ ༦༢ པ།གཞེན་སྐུལ་ཞུ་ཡུལ་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག།ཕྱི་རྒྱལ་ལ་ཡོད་པའི་བོད་རིགས་སློབ་མ་གསར་སྐྱེས་རྣམས་ལ་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་མི་ཉམས་གོང་འཕེལ་སླད། བོད་ཀྱི་སློབ་མ་ཁོ་ནའི་ཆེད་དུ་སློབ་གྲྭ་ཟུར་བཙུགས་ཀྱི་ཆེད་ཨ་རི་དང་ཁེ་ཎ་ཌའི་གཞུང་དང་།བོད་མིར་ཤ་ཞེན་ཅན་གྱི་རོགས་ཚོགས་ཁག་ལ་ཞུ་སྐུལ་གནང་ཐབས་ཡོང་ཆེད་ཀྱི་སྐོར་ལ་སྤྱི་འཐུས་ནོར་བུ་ཚེ་རིང་ལགས་ཀྱིས་བཏོན་གནང་བ་དང་།སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་རྒྱབ་སྐྱོར་གནང་།
ཉིན་འདིའི་ལས་རིམ་༣པ།ཁྲིམས་བཟོའི་ལས་དོན།གཞུང་འབྲེལ་ཁྲིམས་སྒྲིག་བསྐྱར་བཅོས་ཁག་གཅིག་གི་བརྗོད་པ་དང་པོ་དང་།གཉིས་པ།ཡིག་ཆ་ཨང་༥༣།༥༤།༥༥།༥༦།༦༣། དེའི་བརྗོད་པ་དང་པོ་དང་གཉིས་པ་བཅས་སྤྱི་མོས་ཐོག་གཏན་འབེབས་གནང་།
ཉིན་འདིའི་ལས་རིམ་ ༤ པ། ཡིག་ཆ་ཨང་ ༦༤ པ། རྒྱ་བལ་འབྲུག་གསུམ་ལས་གཞན་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་རིགས་སྤྱི་མཐུན་ཚོགས་པ་དང་། བོད་རིགས་ཚོགས་པ་སོགས་བཅའ་སྒྲིག་གི་ཆ་རྐྱེན་འོག་བསྐྲུན་འོས་མིན་ཞིབ་འཇུག་ཚོགས་ཆུང་གི་སྙན་ཐོ། ཚོགས་ཆུང་གི་ཚོགས་གཙོ་དཔལ་ལྡན་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་སྙན་སྒྲོན་གནང་བ་དང་། ཡིག་ཆ་ཨང་ ༦༥ པ། སྙན་ཐོ་སྙན་སྒྲོན་ཟིན་པར་སྤྱི་ཡོངས་བགྲོ་གླེང་དགོས་པའི་གྲོས་འཆར་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་བཏོན། སྤྱི་འཐུས་རྒྱ་རིགས་ཐར་ལགས་ཀྱིས་རྒྱབ་སྐྱོར་གནང་།
ཉིན་འདིའི་ལས་རིམ་ ༥ པ། སྔོན་མའི་འཕྲོ་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་རྒྱས་པར་སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་འཇུག་གནང་བའི་སྙན་ཐོའི་ཐད་དྲི་བ་རྣམས་ལ་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་།
ཉིན་འདིའི་ལས་རིམ་མཐའ་མ། འཕྲོད་བསྟེན་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༣་་༌༢༠༡༤ ལོའི་ལས་བསྡོམས་སྙིང་བསྡུས་ཡིག་ཆ་ཨང་ ༥༧ པ་སྙན་སྒྲོན་གནང་མཁན་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་ནས་གནང་། སྤྱི་འཐུས་རྒྱུན་ལས་ཀྱིས་འཕྲོད་བསྟེན་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་ཡིག་ཆ་ཨང་ ༥༨ སྙན་སྒྲོན་གནང་མཁན་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། གོང་གསལ་སྙན་ཐོ་བཅས་སྙན་སྒྲོན་ཟིན་པའི་ཐོག་སྤྱི་ཡོངས་བགྲོ་གླེང་དགོས་པའི་གཞུང་འབྲེལ་གྲོས་འཆར་ཡིག་ཆ་ཨང་ ༥༩ གྲོས་འཆར་འདོན་མཁན་སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་དང་། སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས་རྒྱབ་སྐྱོར་གནང་། སྤྱི་ཡོངས་ཀྱི་བགྲོ་གླེང་སྐབས་སྤྱི་འཐུས་ ༣༥ ཡིས་ཆ་ཤས་བཞེས་ཏེ་དགོངས་ཚུལ་གསུངས་པ་དང་སྦྲགས་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་དགོས་ཁག་གནང་སྟེ་མཚན་མོ་ཆུ་ཚོད་ ༨ པའི་སྟེང་གྲོས་ཚོགས་གྲོལ་ཡོད་པ་བཅས་ཉིན་འདིར་གྲོས་ཚོགས་སུ་བསྐྱངས་པའི་ལས་རིམ་སྙིང་བསྡུས་སུ།།