དེ་རིང་རྡ་ས་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༥ འཁོར་བའི་དུས་དྲན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཕེབས་པའི་སྒྲུབ་བརྒྱུད་བསྟན་པའི་གཙུག་རྒྱན་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་དབུས་སྐྱབས་གནས་དགེ་འདུན་གྱི་སྡེ་རྣམས་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་ལས་ཟུར་རྣམ་པ། དྲུང་ཆེ་འགན་འཛིན་རྣམ་པ་སོགས་ལས་བྱེད་རྣམ་པ། ཕྱི་ནང་སྐུ་མགྲོན་རྣམ་པ། བོད་ཁྱིམ་དབུ་འཛིན་མཆོག་དང་། འགན་འཛིན། སློབ་སྤྱི། དགེ་ལས་རྣམ་པ། བརྩེ་བའི་སློབ་ཕྲུག་རྣམ་པ། འདིར་འདུས་རྒྱ་ཆེའི་མང་ཚོགས་བཅས་ལ་ཐོག་མར་ངས་རྡ་ས་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༥ འཁོར་བའི་དགའ་སྟོན་གྱི་ཉིན་མོ་སྲུང་བརྩི་ཞུ་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
རང་རེའི་ཕ་ཡུལ་བོད་ལྗོངས་དེ་བཞིན་རྒྱ་ནག་དམར་པོའི་གཞུང་གིས་བཙན་འཛུལ་དྲག་གནོན་དང་འབྲེལ་ཧམ་བཟུང་བྱས་པར་བརྟེན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་ཁྲི་ཚོ་བརྒྱད་ལྷག་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་ཕེབས་དགོས་བྱུང་ཞིང། སྐབས་དེར་བོད་མིའི་རང་དབང་རྩོད་ལེན་དང། མང་ཚོགས་ཀྱི་ཉིན་རེའི་འཚོ་བ་ནས་བཟུང་སྟེ་འཕྲལ་ཡུན་བདེ་ཐབས་གང་ཅིར་མཛད་འཕྲིན་རྒྱ་ཆེ་སྐྱོང་གནང་མཛད་ཡོད་པ་དང། དེའི་ནང་ཚན་ནས་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་། མ་འོངས་བོད་ཀྱི་བདག་པོའམ་སོན་རྩ་རྣམས་ཕྱི་ནང་ཤེས་ཡོན་གཉིས་ལྡན་ངང་འཚར་ལོངས་འབྱུང་ཕྱིར་ཐོག་མར་ཕྱི་ལོ་ ༡༩༦༠ ཐམ་པ་ལོར་བུ་བཅོལ་ཁང་ཞེས་དབུ་འཛུགས་བསྐྱངས་སྐབས་༸སྐུའི་གཅེན་མོ་ཚེ་རིང་སྒྲོལ་མ་དམ་པ་མཆོག་ལ་བུ་བཅོལ་ཁང་གི་དབུ་འཛིན་གྱི་འགན་དབང་བསྐུར་གནང་མཛད་པ་ལྟར། བོད་མི་དྭ་ཕྲུག་དང་། ཕྱེད་དྭ་ཕྲུག ཉམ་ཐག་གི་བུ་ཕྲུག ཕ་ཡུལ་ནས་རང་རང་ཕ་མ་དང་ནང་མི་ཁ་བྲལ་ཏེ་སློབ་གཉེར་ཆེད་ཡོང་མཁན་སོགས་ཀྱི་ཟས་གོས་གནས་མལ་གང་ཅིའི་མཐུན་རྐྱེན་དང་བཅས་གསོ་སྐྱོང་དང་། ཤེས་ཡོན་གྱི་གོ་སྐབས་གནང་རྒྱུར་སྐུ་ངལ་བརྒྱ་ཕྲག་ལ་གདོང་ལེན་ལྷུར་བཞེས་ཀྱིས་བཀའ་དྲིན་བླ་མེད་བསྐྱངས་ཡོད། དེ་རྗེས་༸སྐུའི་གཅུང་མོ་བཀའ་ཟུར་ལྷ་སྐུ་རྗེ་བཙུན་པདྨ་མཆོག་གིས་མཇུག་མཐུད་ཀྱིས་ད་ལྟའི་གཞི་རྒྱ་ཆེ་བའི་བོད་ཕྲུག་ཁྱིམ་སྡེ་འདིའི་བར་ཧ་ཅང་རླབས་ཆེའི་མཛད་དྲིན་བསྐྱངས་ཡོད་པ་བཅས་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན།
དེང་གི་ཆར་ཡང་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ཚེ་དབང་ཡེ་ཤེས་ལགས་ཀྱིས་དབུས་འགན་འཛིན་རྣམ་པ་དང་། སློབ་སྤྱི། དགེ་ལས་བཅས་ཚང་མས་ཞུ་སྒོ་རྣམས་རྒྱུན་སྐྱོང་གང་ལེགས་གནང་དང་གནང་བཞིན་པར་བསྔགས་བརྗོད་དང་འབྲེལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
བོད་ཕྲུག་ཁྱིམ་སྡེ་འདི་བཞིན་ཐོག་མར་གཞི་རྒྱ་ཆུང་ངུ་ཞིག་ནས་དབུ་འཛུགས་གནང་སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་འཁྲིད་ལམ་སྟོན་དང་། རྒྱ་གར་དབུས་སའི་གཞུང་གིས་གཙོས་ཕྱི་རྒྱལ་སྤྱི་སྒེར་རོགས་རམ་གནང་མཁན་ཁག་གིས་མཐུན་འགྱུར་གནང་བ། ད་ལྟ་ཕྱག་ལས་མཉམ་རུབ་གནང་མཁན་སྤྱི་དང་། ཁྱད་པར་ཐོག་མར་ཤིན་ཏུ་དཀའ་ཚེགས་ཆེ་བའི་དུས་སྐབས་སུ་སྐུ་ངལ་ལྷུར་བཞེས་གནང་བ་བཅས་ཀྱི་འབྲས་བུར་རྡ་སྟེང་བོད་ཁྱིམ་ཐོག་རིམ་བཞིན་སྦེལ་ཀོབ་བོད་ཁྱིམ་དང་། ཅོན་ཏ་ར་བོད་ཁྱིམ། གྷོ་པལ་སྤུར་བོད་ཁྱིམ། ལ་དྭགས་བོད་ཁྱིམ། རྡ་ཤོད་བོད་ཁྱིམ། སེ་ལ་ཀུའི་བོད་ཁྱིམ། སུ་ཇ་བོད་ཁྱིམ་སོགས་ཀྱི་སློབ་གྲྭ་གསར་འཛུགས་གནང་ཡོད་པ་དེ་དག་ནི་ང་ཚོས་ཕར་བལྟས་པ་ལྟར་གྱི་ལས་སླ་པོ་ཞིག་མེད་པ་ཐབས་ཤེས་འབད་རྩོལ་དང་སྐུ་ངལ་དུ་མར་གདོང་ལེན་གནང་བའི་བསྔགས་པར་འོས་པའི་གྲུབ་འབྲས་ཧ་ཅང་ཆེན་པོ་ཞིག་ཡིན་པ་དེ་ཡང་། དེ་ལྟ་བུའི་ཁྱིམ་སྡེའམ་སློབ་གྲྭ་གཅིག་འཛུགས་པར་ཡང་ཆ་རྐྱེན་ཇི་ཙམ་འཛོམས་དགོས་མིན་དང། ལས་སླ་སྟབས་བདེ་མེད་པ་ཀུན་གྱིས་མཁྱེན་གསལ་ཡིན།
ད་ཕན་སློབ་གྲྭ་དེ་དག་ནས་བོད་མི་ན་གཞོན་ཧ་ཅང་མང་པོ་ཕྱི་ནང་གི་ཤེས་ཡོན་སློབ་སྦྱོང་ལེགས་པར་ཐོན་ཏེ་རང་རེ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་སོགས་སྤྱི་ཚོགས་ཀྱི་ལས་རིགས་འདྲ་མིན་ནང་ཞུགས་ཏེ། བོད་མིའི་བདེན་དོན་རྩོད་ལེན་དང། ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་སོགས་ཞབས་ཕྱི་ཞུ་བཞིན་ཡོད།
མ་འོངས་པར་བོད་ཁྱིམ་སློབ་གྲྭ་འདི་ལྟ་བུ་བོད་མི་གནས་ཡུལ་གཞིས་ཆགས་ཁག་ཏུ་གསར་འཛུགས་སམ་འགའ་ཞིག་གནས་སྤོ་ཐུབ་པ་བྱུང་ཚེ་བོད་མིའི་གཞིས་ཆགས་ཁག་གི་ན་གཞོན་རྣམས་ཁ་ཐོར་དུ་འགྲོ་མི་དགོས་པར་གཞིས་ཆགས་དེ་གའི་བོད་མིའི་སྤྱི་ཚོགས་ནང་མུ་མཐུད་གནས་སྟེ། ལས་གཞི་འདྲ་མིན་གསར་འཛུགས་དང། དེའི་ཐོག་བོད་མིའི་ཆོས་དང་རིག་གཞུང་བཟང་པོའི་གོམས་གཤིས་དང་བཅས་པ་མི་ཉམས་རྒྱུན་འཛིན་ཐུབ་པ་སོགས་ཡོང་རྒྱུ་མ་ཟད། ད་ཡོད་གཞིས་ཆགས་ཁག་ཀྱང་སྲ་བརྟན་ངང་རྒྱུན་གནས་ཐུབ་རྒྱུའི་དགེ་མཚན་བཅས་ལ་བརྟེན། ད་རིང་གོ་སྐབས་འདི་བརྒྱུད་དེ་ལྟར་འབྱུང་ཐབས་འབོད་སྐུལ་ཞུ་རྒྱུ་ཡིན།
ཡང་དེང་སྐབས་བོད་ཁྱིམ་སློབ་གྲྭ་ཁག་དང་། ཤེས་རིག་ཁྱབ་ཁོངས་སློབ་གྲྭ་གཞན་ཁག་ནང་གང་ཅིའི་གནས་སྟངས་དབང་གིས་སློབ་ཕྲུག་གི་གྲངས་ཚད་ཇེ་ཉུང་དུ་ཕྱིན་ཡོད་པ་དང། ད་དུང་འགྲོ་བཞིན་ཡོད་པས། སློབ་ཕྲུག་རྣམས་ནི་འབྱུང་འགྱུར་བོད་དང་བོད་མིའི་གནས་བབ་ཇི་འདྲ་ཞིག་ལ་འགྱུར་རྒྱུར་རག་ལུས་པའི་གཞི་རྟེན་གཙོ་བོ་ཡིན་པས། དེ་སྔོན་ཀྱང་འབོད་སྐུལ་ཞུས་ཟིན་པ་ལྟར། ཤེས་རིག་ལས་ཁུངས་ཀྱི་སྟངས་འཛིན་འོག་འབྲེལ་ཡོད་སློབ་གྲྭ་ཚང་མའི་མ་འོངས་བྱ་ཕྱོགས་ཀྱི་ཕུགས་འཕེར་འཆར་གཞི་ཚད་ལྡན་གོང་རིམ་ལ་ཕུལ་ཏེ་གཏན་འབེབས་ལག་བསྟར་དགོས་རྒྱུ་གལ་ཆེར་མཐོང་བས་ད་རེས་སླར་ཡང་འབོད་སྐུལ་ཞུ་རྒྱུ་ཡིན།
སློབ་ཕྲུག་རྣམས་ཀྱི་ངོས་ནས་ཀྱང་རང་རེའི་ཕ་ཡུལ་བོད་ལྗོངས་ནང་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་གཏོང་རྒྱུའི་སྲིད་བྱུས་འོག་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པར་སློབ་སྦྱོང་གི་གོ་སྐབས་རྒྱ་ཁྱབ་ཏུ་གུ་ཡངས་མེད་པའི་དཀའ་ངལ་དང་། ཡང་རང་དབང་རང་བཙན་གྱི་རྒྱལ་ཁབ་ཡུལ་གྲུ་མང་པོའི་བུ་ཕྲུག་ཁྲོད་དུའང་སློབ་སྦྱོང་གི་གོ་སྐབས་མི་ཐོབ་པ་ཇི་སྙེད་ཡོད་པ། ཁྱེད་སློབ་ཕྲུག་རྣམས་ཀྱི་ཁྲོད་ནས་མང་དག་ཅིག་རང་གི་ཕ་ཡུལ་དང། ཕ་མས་གཙོས་ནང་མི་དང་ཁ་བྲལ་ཏེ་སློབ་སྦྱོང་ཆེད་ཡོང་བ། ལྷག་པར་བོད་ནང་བོད་མི་གཞོན་སྐྱེས་མང་པོས་བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པའི་ཆེད་རང་གི་སྐུ་སྲོག་བློས་གཏོང་དང་ངོ་རྒོལ་ཡོ་ལང་བཅས་ཀྱི་ངང་ཚུལ་ལ་བསམ་ཞིབ་ནན་ཏན་གྱིས་རང་རེ་རང་དབང་ལུང་པར་གནས་པའི་སློབ་ཕྲུག་ཡོངས་ཀྱིས་དེང་དུས་ཤེས་ཡོན་འཛམ་གླིང་ཐོག་དཔུང་པ་མཉམ་གཤིབས་ཐུབ་པ་དང། ཁྱད་པར་བོད་མི་རང་ཉིད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པར་དོ་སྣང་ཆེན་པོས་སྦྱང་བརྩོན་དང་། རྒྱུན་འཛིན་ཐུབ་པ་བྱ་རྒྱུའི་དམིགས་བསལ་གྱི་ལས་འགན་ཆེན་པོ་ཞིག་ཁུར་དུ་བབས་ཡོད་པས་དུས་ཚོད་སྐར་ཆ་ཙམ་ཡང་ཆུད་ཟོས་སུ་མི་གཏོང་བར་འབད་རྩོལ་གནང་དགོས་པའི་ནན་སྐུལ་བྱ་རྒྱུ་ཡིན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རྣམས་བཙན་བྱོལ་ནང་གནས་རིང་སྤྱི་ཚོགས་ཀྱི་དགོས་མཁོ་དང་། དེ་བས་གལ་ཆེ་བ་བོད་མི་རྣམས་རང་ཡུལ་དུ་ཕྱིར་ལོག་རྒྱུའི་དུས་སྐབས་ཤིག་ཤར་སྐབས་མིའི་ནུས་ཤུགས་འདང་ངེས་དགོས་པ་བཅས་ཀྱི་ཆེད་རིགས་གཅིག་རྐང་འཛིན་གྱི་ཤེས་ཡོན་ཅན་ཇེ་མང་ཐོན་ཐུབ་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་བཀའ་སློབ་ཡང་ཡང་ནན་ཏན་གྱིས་ཕེབས་ཀྱི་ཡོད་པ་དང། བཀའ་སློབ་དེ་རང་བོད་ཁྱིམ་དབུ་བརྙེས་པའི་དུས་དྲན་ཐེངས་ ༣༧ པའི་མཛད་སྒོའི་ཐོག་ཏུའང་བསྩལ་ཡོད་པ་བཞིན། བཀའ་སློབ་དེ་དག་ལག་ལེན་དོན་འཁེལ་ཡོང་ཕྱིར་དམིགས་བསལ་ཐུགས་སྣང་དང་ཤུགས་གནོན་བསྐྱོན་དགོས་པའི་དྲན་གསོ་དང་བསྐྱར་བསྐུལ་ཞུ་རྒྱུ་ཡིན།
བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་གཏན་འབེབས་ཀྱིས་མི་ལོ་བཅུ་ཙམ་སོང་བའི་རིང་བོད་མིའི་སྒྲིག་འཛུགས་ཀྱི་སློབ་གྲྭ་ཡོངས་ལ་ལག་བསྟར་ཇི་ཙམ་ཐུབ་ཀྱི་ཡོད་མེད་ལ་བསྐྱར་ཞིབ་ཆེད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཞིབ་འཇུག་ཚོགས་ཆུང་ཟུར་འཛུགས་གནང་བ་བཞིན། ཚོགས་ཆུང་ནས་ཁྱོན་ཡོངས་ལ་བསྐྱར་ཞིབ་རུ་ངར་ཞིབ་ཚགས་གནང་བའི་ཕྱོགས་བསྡོམས་རྒྱབ་གཉེར་སྙན་ཐོ་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༡༠ པའི་ཐོག་འབུལ་ལམ་བྱུང་དོན་ལྟར། ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོ་དོན་ཚན་ ༥ དང་། གཞན་ཡང་གྲོས་ཚོགས་ཀྱི་ལམ་སྟོན་བཅས་གཞུང་འབྲེལ་གྲོས་ཆོད་འཇོག་གནང་ཡོད་པའི་ནང་དོན་རྣམས་ལ་ཐུགས་སྣང་དང་འབྲེལ་ཕྱག་བསྟར་དགོས་པ་ནན་བརྗོད་བྱ་རྒྱུ་ཡིན།
བུ་ཕྲུག་རྣམས་ལེགས་པར་འཚར་ལོངས་ཡོང་ཆེད་གཙང་སྦྲ་འཕྲོད་བསྟེན་སྤྱི་དང་། ཁྱད་པར་སློབ་ཕྲུག་རྣམས་ཀྱི་ཟས་བཅུད་ཐོག་དམིགས་བསལ་ཐུགས་སྣང་གཟབ་བསྐྱེད་གནང་མུས་ཐོག ཕྱི་ནང་ཤེས་ཡོན་སྤྱི་དང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ཀྱི་སྙིང་པོ་ཡ་རབས་བཟང་སྤྱོད་ལྡན་པའི་བོད་མི་ཚད་ལྡན་ཞེ་ཅིག་ཏུ་འཚར་ལོངས་ཡོང་ཐབས་གནང་དགོས་སུ་ཚང་མས་སྔར་བཞིན་ཧུར་བསྐྱེད་ཡོང་བའི་འབོད་བསྐུལ་ཞུ་རྒྱུ་དང་།
མཐའ་དོན་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་གང་ན་སུ་བཞུགས་རྣམས་ཀྱི་སྐུ་ཚེ་༸ཞབས་པད་ཡུན་དུ་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བ། བོད་ཕྲུག་ཁྱིམ་སྡེ་འདི་བཞིན་སྔར་བས་དར་ཞིང་རྒྱས་ལ་ཚགས་ཚུད་ཡོང་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༣ ལ།།