ཡུ་རོབ་ཁུལ་དུ་སྤྱི་འཐུས་ཀྱི་ཞུ་གཏུག་སྐུ་ཚབ་ཕེབས་པ།

༄༅། །བོད་ནང་གི་ཛ་དྲག་གི་གནས་སྟངས་གཙོས་བོད་དོན་ཞུ་གཏུགས་དང་། གཞན་ཡང་གང་ཅིའི་འབྲེལ་ལམ་ཆེད་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ཁག་ཕྱིའི་ཡུལ་གྲུ་གང་མང་ལ་ཕེབས་ཐབས་གནང་དང་གནང་བཞིན་པ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དབུས་སྤྱི་འཐུས་ཀརྨ་ཆོས་འཕེལ་མཆོག་དང་། སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག སྤྱི་འཐུས་འཇམ་དབྱངས་བཟོད་པ་མཆོག་བཅས་ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢༤ ཉིན་རྡ་ས་ནས་རྡོག་ཐོན་གནང་སྟེ་ཕྱི་ཚེས་ ༢༥ ཉིན་ལྡི་ལི་ནས་སྦེལ་འཇམ་ལ་ཕེབས་ཐོན་གནང་ཡོད་པ་རེད། ཁོང་རྣམས་ཡུ་རོབ་ཁུལ་སྦེལ་འཇམ་དང་། ཨེས་ཀྲོ་ནི་ཡ། པོ་ལེནཌ། སི་ལོ་ཝག་ཁི་ཡ། ཨོ་སི་ཀྲི་ཡ། ཅེག སུད་སི་བཅས་སུ་གྲོས་ཚོགས་འཐུས་མི་གང་མང་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ། མི་སྣ་གལ་ཆེ། བོད་རིགས་སྤྱི་མཐུན་ཚོགས་པ། བོད་མི་སོགས་མཇལ་འཕྲད་དང་ཚོགས་འདུའི་རིགས་གནང་རྒྱུའི་མཛད་འཆར་ཡོད་པ་རེད། ཕྱི་རྒྱལ་ནས་ཡུ་རོབ་སྤྱི་འཐུས་དབང་པོ་བཀྲས་མཐོང་མཆོག་གོང་གི་མཛད་འཆར་ནང་མཉམ་ཞུགས་གནང་རྒྱུ།།