༄༅། །མཚུངས་མེད་སྐུ་ཚབ་དོན་གཅོད་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ས་གནས་འགོ་འཛིན། རང་བདེན་ཚོགས་ཆུང་དང་། བོད་རིགས་ཚོགས་པ་དང་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ཀྱི་ཚོགས་གཙོ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་དང་། སྐྱིད་སྡུག་ཁག་གི་རྒྱུན་ལས་བཅས་སོ་སོ་མཆོག་ལ། ཆེད་ཞུ། འདི་མཉམ་ལྕགས་ཡོས་ལོའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་རྒྱུའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་ཆབས་འབུལ་ཡོད་པ་ལྟར། ཁྱབ་ཁོངས་མང་ཚོགས་ལ་རྒྱ་ཁྱབ་གསལ་བསྒྲགས་དང་འབྲེལ། འདི་གའི་གསལ་བསྒྲགས་ནང་གསལ་གྱི་ལས་འགུལ་ཁག་དོན་ཕན་ལྡན་པ་སྤེལ་དགོས་ཞེས་ཕེབས་འདུག་པ་དེ་དོན་དགོངས་འཇགས་འཚལ། ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༢ ལ་ ཕུལ། ། ““““““““““““““““““““““““““““““““““““““` ལྕགས་ཡོས་ལོའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ ལས་འགུལ་སྤེལ་རྒྱུའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ ཡོངས་ཁྱབ་གསལ་བསྒྲགས། ༄༅། །གཞིས་བྱེས་གཉིས་སུ་གནས་འཁོད་རང་རིགས་སྤུན་ཟླ་ཡོངས་ལ་ཆུ་འབྲུག་ལོའི་གནམ་ལོ་གསར་ཚེས་ལ་འཚམས་འདྲི་ཞུ་བ་དང་སྦྲགས་སྐབས་དོན། བོད་ལྕགས་ཡོས་ལོའི་ནང་རྔ་པ་དང་། རྟའུ། ཆབ་མདོ། དཀར་མཛེས། མགོ་ལོག་དར་ལག་བཅས་སུ་རང་རིགས་སྐྱ་སེར་ཕོ་མོ་ ༡༦ གིས་རང་ལུས་ཞུགས་འབུལ་གནང་སྟེ། སེར་སྐྱ་ ༡༢ སྐུ་སྲོག་ཤོར་ཡོད་པ་དང་། རང་རིགས་ ༤ རང་ལུས་ཞུགས་འབུལ་གནང་རྗེས་གནས་སྟངས་ཇི་ཆགས་ཤེས་རྟོགས་མེད་པར་གྱུར་ཡོད། ཕྱི་ལོ་ ༢༠༠༩ ལོར་རང་ལུས་ཞུགས་འབུལ་གནང་མཁན་གྲྭ་བཀྲ་བྷེ་ལགས་ཀྱི་འཆི་གསོན་གནས་སྟངས་ཀྱང་ཇི་ཡིན་ཆ་མི་འཚལ་བ་ཆགས་ཡོད། ཉེ་ཆར་རྒྱ་ནག་གི་དཔྱིད་གསར་དུས་ཆེན་སྐབས། རྒྱ་གཞུང་སྤྱི་བདེ་ལས་བྱེད་དང་དྲག་ཆས་ཉེན་རྟོག་མི་སྣས་ཞི་རྒོལ་མང་ཚོགས་ཁྲོད་མདེལ་ཆར་ཕབས་ཏེ། བྲག་འགོ་རྫོང་དུ་མི་ ༢ དང་། གསེར་རྟ་རྫོང་དུ་མི་ ༢ ། འཛམ་ཐང་རྫོང་དུ་མི་ ༡ བཅས་དམར་གསོད་བཏང་བ་ཕྱི་གསལ་ནང་གསལ་ཆགས་ཡོད་པ་མ་ཟད། གཞན་དམར་གསོད་ཇི་བཏང་གི་གནས་ཚུལ་ཤེས་རྟོགས་ཡོང་རྒྱུར་དཀའ་བའི་གནས་སུ་གྱར་ཡོད། གོང་གསལ་རྫོང་ཁག་དང་། རྔ་བ་རྫོང་། པད་མ་རྫོང་། འབར་ཁམས་རྫོང་སོགས་སུ་མང་ཚོགས་ཀྱིས་ཞི་བའི་སྒོ་ནས་རྔམ་སྟོན་ཁྲོམ་སྐོར་བྱེད་སྐབས། བོད་མི་མང་པོ་ཞིག་ལ་རྨས་སྐྱོན་ཕོག་ཡོད་པ་དང་། བོད་མི་མང་པོ་ཞིག་འཛིན་བཟུང་བཙན་ཁྲིད་བྱས་འདུག་པ་མ་ཟད། ད་ལྟའི་ཆར་ས་ཁུལ་དེ་དག་ཕལ་ཆེ་བར་ཁ་པར་དང་འགྲིམ་འགྲུལ་བཀག་བསྡོམས་བྱས་ཏེ། མངོན་གསལ་མ་ཡིན་པའི་དྲག་པོའི་ཁྲིམས་གཞི་འོག་སྲོག་ཉེན་ནམ་ཡོང་མི་ཤེས་པའི་དངངས་སྐྲག་གི་ཀློང་དུ་ཚུད་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་ཏེ། ལྡི་ལིར་བཅའ་བཞུགས་གཞུང་ཚབ་ཁག་ལ་ཛ་དྲག་གནས་སྟངས་ཞུ་སྐུལ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་སྤྱི་ལྷན་གྱི་ཡོངས་བསྒྲགས་ཀྱི་སྙན་ཞུ་བསྐུར་གཏོང་། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་དཔོན་རིགས་ཁག་ལ་ཞུ་སྙན་འབུལ་སྤྲོད་དང་། གྲོས་ཚོགས་ཁག་སོ་སོར་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་བསྐྱར་མ་འཇོག་ཐབས། རྒྱལ་ཚོགས་དྲུང་ཆེར་སྤྱི་ལྷན་གྱི་སྐུ་ཚབ་ངོ་ཐུག་ཐུབ་ཐབས་སོགས་ལས་འགུལ་རིམ་པར་སྤེལ་རྒྱུའི་ལས་འཆར་བང་བསྒྲིགས་ཡོད་པ་ཁག་སྐབས་འཕྲལ་ལག་བསྟར་མཇུག་གནོན་ཞུས་དང་ཞུ་མུས་ཡིན་ཞིང་། རང་རིགས་སྤུན་ཟླ་ཡོངས་ནས་ལྕགས་ཡོས་ལོའི་རང་ལུས་ཞུགས་འབུལ་ལས་འགུལ་དང་རྒྱ་ལོའི་སྐབས་ཞི་རྒོལ་བ་དམར་གསོད་དོན་རྐྱེན་ལ་གདུང་སེམས་མཉམ་བསྐྱེད་ཞུ་སླད། བོད་མི་འདུ་གནས་ཁག་གི་སྐུ་ཚབ་དོན་གཅོད་དང་། ས་གནས་འགོ་འཛིན། ས་གནས་འཐུས་ཚོགས། རང་བདེན་ཚོགས་ཆུང་། བོད་རིགས་ཚོགས་པ་དང་། བོད་རིགས་སྤྱི་མཐུན་ཚོགས་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་དང་། སྐྱིད་སྡུག་ཁག་བཅས་ནས་འགན་ཁུར་བླངས་ཏེ། སོ་སོའི་ཁྱབ་ཁོངས་སུ་གཤམ་གསལ་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་ཞུ་རྒྱུར། ཆུ་འབྲུག་ལོའི་ལོ་གསར་སྐབས། སྤྱི་ཡོངས་ཆོས་ཕྱོགས་ཀྱི་བྱེད་སྒོ་ལས་གཞས་ཞབས་བྲོ་སོགས་སྤྲོ་དགའ་ཁྲ་ཟིང་གི་རིགས་མི་འོས་པའི་འབོད་བསྐུལ་ཞུ་བ་དང་སྦྲགས། ལོ་གསར་གྱི་བསངས་གསོལ་བྱེད་སྒོའི་སྐབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་བདེན་ཚིག་སྨོན་ལམ་དང་། བོད་སྐྱོང་ལྷ་སྲུང་འཕྲིན་བསྐུལ། གུ་རུའི་ཐུགས་དམ་གནད་བསྐུལ། གསོལ་འདེབས་བདེན་པའི་རྔ་སྒྲ་བཅས་གྲངས་གསོག་གང་མང་ཞུ་རྒྱུ། (ཞལ་འདོན་རྣམས་སྤྱི་ལྷན་གྱི་དྲ་རྒྱ་ chithu.org.org ནས་ཕབ་ལེན་བྱེད་ཆོག) ཆུ་འབྲུག་ལོའི་ལོ་གསར་ཚེས་གཅིག་ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཚེས་གཏོར་གྲུབ་མཚམས། རྡ་སར་གནས་བཞུགས་སྤྱི་འཐུས་རྣམ་པ་དགོང་དྲོའི་ཆུ་ཚོད་ ༥ པ་བར་གདུང་སེམས་མཉམ་བསྐྱེད་ཀྱི་ཟས་བཅད་སྙུང་གནས་སུ་བཞུགས་རྒྱུ་ཐག་གཅོད་གནང་ཡོད་པས། བཞུགས་སྒར་ཉེ་ཁུལ་ནས་མཉམ་ཞུགས་གནང་མཁན་ལ་དགའ་བསུ་ཞུ་རྒྱུ་དང་། བོད་མིའི་འདུ་གནས་གཞན་ཁག་ཏུ་འདི་ལྟའི་བྱེད་སྒོ་སྤེལ་མཁན་ལའང་དགའ་བསུ་ཡོད། ཆུ་འབྲུག་ལོ་ནས་བཟུང་། བཀའ་ཤག་གི་བཀོད་ཁྱབ་སྔོན་སོང་ཐོག བོད་མི་གནས་ཡུལ་ས་གནས་ཡོངས་སུ་ལྷག་དཀར་ནམ་ཡིན་ལ་བོད་ཟས་དང་བོད་གོས། བོད་སྐད་བཀོལ་སྤྱོད་ཀྱིས་མཚོན་པའི་བོད་མིའི་ཆོས་རིག་དང་ཡུལ་གོམས་གཤིས་ལུགས་རྒྱུན་འཛིན་གྱི་བྱེད་སྒོ་ཁག་སྲུང་བརྩི་ཞུ་ཐབས་དགོས་ཐོག ལོ་གཅིག་རིང་གཞིས་ཆགས་ཁག་ཏུ་ཟླ་རེའི་ལྷག་དཀར་དང་པོ་སྲུང་བརྩི་ཞུ་ཆེད། འབྲེལ་ཡོད་གོ་སྒྲིག་བྱེད་མཁན་ནས་ལྷག་དཀར་སྲུང་བརྩི་དགོས་པའི་རྒྱུ་མཚན་ངོ་སྤྲོད་དང་འབྲེལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་གོང་གསལ་ཞལ་འདོན་བྱིན་ཅན་ཁག་བཞི་སྒྲོག་འདོན་བྱེད་དགོས་པ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡ ལ།།

༄༅། །དཔལ་ལྡན་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཙོ་འཛིན་ཧུའུ་ཅིང་ཐའོ་མཆོག་ལ་ཞུ་རྒྱུར།
ད་ལྟའི་བོད་ནང་ཛ་དྲག་གི་གནས་སྟངས་འདིར་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱིས་ཚབ་ཞུས་ཏེ་སེམས་འཚབ་དང་ཧ་ཅང་བློ་ཕམ་ཡོད་ཅེས་ཞུ་རྒྱུ་ཡིན། རང་ལུས་མེར་སྲེག་གཏོང་དགོས་ཐུག་པའི་གནས་སྟངས་དེ་ནི་འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་ཅིག་ཡིན་པ་སྐུ་ཉིད་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ཏན་ཏན་ཤེས་ཀྱི་རེད། འོན་ཀྱང་སྐུ་ཉིད་ཀྱི་སྲིད་གཞུང་ནས་ཞི་བའི་ངོ་རྒོལ་བ་ཚོར་དྲག་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་པ་དེ་ནི་འགྲོ་བ་མིའི་ཐོབ་ཐང་དང་ཚེ་སྲོག་ལ་རིན་ཐང་གང་ཡང་མ་བརྩིས་པ་ཞིག་ཡིན་པ་གདོན་མི་ཟ།
སྐུ་ཉིད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཡིན་པའི་ཆ་ནས་མི་རིགས་ཕན་ཚུན་དབར་འཆམ་མཐུན་བསྐྲུན་རྒྱུ་དེ་རྒྱལ་ཁབ་འཛུགས་སྐྲུན་གྱི་གཞི་རྩའི་རྩ་དོན་ཞིག་ཡིན་པ་བརྗོད་ཀྱང་སྐུ་ཉིད་ཀྱིས་ངག་ནས་བརྗོད་པ་དང་དོན་དངོས་ལག་ལེན་གཉིས་གོ་ལྡོག་ཡོད། འཆམ་མཐུན་ནི་ཕན་ཚུན་བསམ་ཤེས་དང་ཡིད་ཆེས་ཀྱི་ཐོག་ནས་བསྐྲུན་དགོས་པ་ལས་དྲག་གནོན་དང་བཙན་དབང་འོག་ཡོང་ཐབས་མེད་པ་ནི་སྐུ་ཉིད་ཀྱིས་གསལ་པོར་མཁྱེན་ངེས།
ལོ་ཤས་ནང་རྒྱ་ནག་གི་དཔལ་འབྱོར་དང་དམག་ཤུགས་ལ་ཡར་རྒྱས་ཤུགས་ཆེ་ཕྱིན་ཡོད་པར་བརྟེན། ད་ཆ་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་གཅིག་དང་། རྒྱལ་སྤྱིའི་ནང་སྟོབས་ཤུགས་ལྡན་པ་ཞིག་ཆགས་སྟབས་ད་ཆ་རྒྱ་ནག་དེ་བཞིན་གཞན་གྱི་ཚོར་བ་དང་བདེ་དོན་ལ་བསམ་ཤེས་གང་ཡང་མེད་པའི་ཁེང་དྲེགས་ཅན་གྱི་འདྲེ་སྲིན་ལྟ་བུར་གྱུར་ཡོད། དཔལ་འབྱོར་ཡར་རྒྱས་རྐྱང་པས་བདེ་སྐྱིད་བསྐྲུན་མི་ཐུབ་ཅིང་། ཡར་རྒྱས་ནི་འགྲོ་བ་མིའི་རང་དབང་དང་ཆེ་མཐོང་ལ་སྲུང་བརྩི་ཞུ་རྒྱུ་དང་ལྷན་དུ་མཉམ་བསྐྱོད་ཐུབ་དགོས།
ནུབ་ཕྱོགས་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་ང་ཚོར་འདྲ་མཉམ་ཐོག་ལྟ་གི་མི་འདུག་ཅེས་གུང་ཁྲན་གྱི་འགོ་ཁྲིད་ཚོས་ཡང་ཡང་སྡུག་སྐད་ཤོར་བ་ང་ཚོས་གོ་ཐོས་བྱུང། སྡུག་སྐད་དེ་ལྟར་རྒྱག་པར་ཐོག་མར་ཁྱེད་ཚོས་སོ་སོའི་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་ཚོར་འདྲ་མཉམ་ཐོག་ལྟ་བཞིན་ཡོད་དམ་ཞེས་ང་ཚོས་དྲི་བ་ཞིག་འབུལ་རྒྱུ་ཡིན། གུང་ཁྲན་ཏང་གི་འགོ་ཁྲིད་ཚོས་རྒྱ་ནག་གི་ལྟ་གྲུབ་སྨྲ་བ་ཁུང་ཙིས། རང་གིས་བྱེད་འདོད་མེད་པ་གང། གཞན་ལ་བཙན་འགེལ་མི་བྱེད་དོ། ཞེས་པ་དེ་ལུང་འདྲེན་བྱེད་བཞིན་ཡོད་ནའང་དོན་དངོས་སུ་ཡུ་གུར་མི་རིགས་དང་བོད་རིགས། སོག་པོ། མན་ཇུའི་མི་རིགས་ལ་ལྟ་གྲུབ་དེ་ལག་བསྟར་བྱེད་ཀྱི་ཡོད་དམ།
འཛམ་གླིང་ནང་གི་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པའི་ཆེ་མཐོང་ཐོབ་དགོས་ན་གཞན་ལ་གུས་བརྩི་ཞུ་དགོས་པ་ལས་དྲག་ཤུགས་ཀྱིས་ཆེ་མཐོང་ཐོབ་མི་ཐུབ། དེར་བརྟེན་བཟང་སྤྱོད་ཀྱི་སྟོབས་ཤུགས་ཐོབ་པར་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དང་རྩོད་རྙོག་རྣམས་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱེད་དགོས། ཐབས་ལམ་དེ་ནི་རྒྱ་ནག་རྒྱལ་ཁབ་དང་བོད་མི་རིགས་ཀྱི་གཙོས་མི་རིགས་གཞན་ཚོར་ཕུགས་རྒྱང་རིང་པོའི་ཁེ་ཕན་ལྡན་པ་ཞིག་ཆགས་ཡོད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་ལོ་ངོ་བཅུ་ཕྲག་འགའ་ཤས་རིང་ནས་རྒྱ་ནག་དང་ཁ་བྲལ་འགྲོ་མི་དགོས་པར་དངོས་ཐོག་བདེན་འཚོལ་གྱི་ལམ་ནས་རྒྱ་བོད་མི་རིགས་གཉིས་སྨན་གྱི་ཕུགས་བསམ་ལྡན་པའི་ཐབས་ལམ་ལག་བསྟར་བྱས་ཡོད་ནའང། གུང་ཁྲན་ཏང་གི་འགོ་ཁྲིད་ཚོས་གཞི་རྩ་མེད་པར་གང་བྱུང་ཁག་དཀྲིས་ཀྱིས་གྲོས་མོལ་ལམ་ལྷོང་ལྡན་པ་ཞིག་དང་རྒྱུན་སྲིང་ཐུབ་པ་ཞིག་ཡོང་རྒྱུར་འབད་བརྩོན་མ་བྱས་པའི་ཁར་བོད་ཀྱི་གནད་དོན་དེ་རང་བཞིན་གྱིས་ཡལ་འགྲོ་རྒྱུའི་རེ་སྟོང་ཞིག་འཆང་བཞིན་ཡོད། འོན་ཀྱང་ད་ཆ་བོད་མིའི་སྙིང་སྟོབས་ནི་ནམ་ཡང་ཞུམ་པ་མེད་པ་དང་ཕྱོགས་གཉིས་གས་མོས་མཐུན་ཡོད་པས་ཐག་གཅོད་ཀྱི་ཐབས་ལམ་ཞིག་མ་རྙེད་བར་དུ་རྒྱུན་མཐུད་གནས་རྒྱུ་ཡིན་པ་ད་གཟོད་ཁྱེད་རྣམ་པས་ཤེས་ཚོད་ཡིན།
བོད་མི་ཚོས་དུས་རྟག་ཏུ་རང་གི་མངོན་འདོད་འཚེ་མེད་ཞི་བའི་ཐབས་ལམ་འབའ་ཞིག་ཐོག་ནས་གསལ་སྟོན་གྱིས་ཞི་བའི་ངོ་རྒོལ་བྱས་པ་དེར་བསམ་ཤེས་བྱ་རྒྱུའི་ཚབ་ཏུ་གུང་ཁྲན་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཁ་གཡར་ཏེ་དྲག་གནོན་བེད་སྤྱོད་བྱེད་རྐྱང་བྱས་ཡོད་པ་མ་ཟད། ཕྱི་གསལ་ནང་གསལ་གང་ཡང་མེད་པར་རང་དབང་ཅན་གྱི་དངོས་དོན་རྟོག་ཞིབ་པ་ལ་བཀག་འགོག་བྱེད་བཞིན་ཡོད།
རྒྱ་བོད་མི་རིགས་གཉིས་པོའི་ཕུགས་རྒྱང་གི་ཁེ་ཕན་ལ་དམིགས་ཏེ་སྐུ་ཉིད་ལ་གཤམ་འཁོད་དོན་གནད་ཁག་ལག་བསྟར་གནང་རྒྱུར་ཛ་དྲག་གི་འབོད་སྐུལ་ཞུ་རྒྱུ་ཡིན།
༡༽ དམག་དཔུང་ཕོན་ཆེ་བསྐྱར་སྣོན་བྱས་པ་རྣམས་འཕྲལ་དུ་ཕྱིར་འཐེན་གྱིས་ཛ་དྲག་གནས་སྟངས་ཞི་འཇགས་དང་བོད་མིའི་མངོན་འདོད་ལ་བསམ་གཞིགས་ཀྱི་བྱེད་ཐབས་ལག་བསྟར་བྱེད་དགོས།
༢༽ དངོས་ཡོད་གནས་ཚུལ་རྟོག་ཞིབ་ཆེད་ཕྱོགས་ལྷུང་མེད་པའི་རང་དབང་ཅན་གྱི་སྐུ་ཚབ་བོད་ནང་གཏོང་དགོས་པ་དང། གལ་ཏེ་དེ་ལྟར་བྱ་རྒྱུར་དཀའ་ངལ་འཕྲད་ཚེ་དངོས་ཡོད་གནས་ཚུལ་འཚོལ་ཞིབ་ཆེད་བོད་མིའི་སྐུ་ཚབ་གཏོང་དགོས།
༣༽ བོད་མི་རིགས་ཀྱི་ངོ་བོ་རྩ་མེད་འགྲོ་རྒྱུའི་སྲིད་བྱུས་དང་བྱེད་ཐབས་མཚམས་འཇོག་བྱས་ཏེ་བོད་མིར་ཆོས་དད་རང་དབང་སྤྲོད་རྒྱུ་དང་ཞི་འགྲིག་གི་ཐབས་ལམ་བསྟེན་དགོས་པ་དང། བོད་མིའི་སེམས་ཚོར་ལ་དོ་ཕོག་གཏོང་བའི་བྱ་སྤྱོད་འགོག་ཐབས་བྱེད་དགོས།
༤༽ བོད་མི་འབྲོག་པ་རྣམས་ས་གནས་གཅིག་ཏུ་བཙན་སྡོད་བྱེད་དུ་འཇུག་པ་དེ་དག་མཚམས་འཇོག་གིས་འབྲོག་པ་ཚོའི་ཕ་མེས་ནས་བརྒྱུད་པའི་ཁོར་ཡུག་གི་གོ་རྟོགས་དེ་བཞིན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་ལག་བསྟར་བྱ་རྒྱུའི་ཆ་ཤས་སུ་ངེས་པར་དུ་མཉམ་ཞུགས་བྱེད་དུ་འཇུག་དགོས།
༥༽ བོད་ནང་འཛུགས་སྐྲུན་གྱི་ལས་གཞི་ཅི་འདྲ་ཞིག་ལག་བསྟར་བྱེད་སྐབས་མཐོ་སྒང་བོད་ཀྱི་ཁོར་ཡུག་འཇིག་ཉེན་ཆེ་བ་དེར་ངེས་པར་དུ་བསམ་གཞིགས་ཐོག་ས་གནས་བོད་རིགས་ཚོར་ཁེ་ཕན་ཡོད་པ་བྱེད་དགོས།
༦༽ པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གིས་གཙོས་ཆབ་སྲིད་བཙོན་པ་རྣམས་འཕྲལ་མར་གློ་བཀྲོལ་བཏང་སྟེ་འབར་མའི་སྲིད་གཞུང་ལྟར་གཞུང་དང་མང་ཚོགས་དབར་ཡིད་ཆེས་ཆེ་རུ་གཏོང་དགོས།
༧༽ བོད་མི་ཚོ་དང་གྲོས་མོལ་བསྐྱར་གསོ་བྱས་ཏེ་ཆོད་སེམས་བརྟན་པོས་བོད་ཀྱི་དཀའ་ངལ་སེལ་ཆེད་ཕུགས་རྒྱང་རིང་པོས་ཐབས་ལམ་ཐོག་ནས་བོད་དང་ཉེ་འབྲེལ་ས་ཁྱོན་ཁག་ཏུ་བརྟན་ལྷིང་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཐབས་བྱེད་དགོས།
ད་ལྟའི་དུས་འདིར་གཅིག་ལ་གཅིག་རྟེན་དགོས་པའི་གོ་ལ་གཅིག་གྱུར་གྱི་དངོས་ཡོད་གནས་སྟངས་ཤིག་ཆགས་ཟིན་པ་དེར་གཞིགས་པའི་རྒྱ་ནག་ནང་ཞི་བའི་ཐོག་ནས་བཅོས་བསྒྱུར་བཏང་སྟེ་མི་མང་གི་རང་དབང་དང་ཆེ་མཐོང་ལ་བརྩི་བཀུར་ཞུ་དགོས་པའི་དུས་ལ་བབ་ཡོད། དེ་ལྟར་མ་བྱུང་ཚེ་མི་རིང་བར་རྒྱ་ནག་རང་ཉིད་ཀྱི་བྱེད་ཕྱོགས་མ་འགྲིགས་པའི་རྐྱེན་གྱིས་རྒྱ་ནག་བྱུང་རབས་ལོ་རྒྱུས་ཁྲོད་ཆེས་བློ་ཕམ་ཆེ་ཤོས་ཀྱི་གྱོང་གུན་ཕོག་པའི་དུས་ཚོད་ཤར་རྒྱུ་ཡིན་པ་མ་ཟད། གྱོང་གུན་དེ་ནི་རྒྱ་ནག་རང་ཉིད་ཀྱིས་བཟོས་པ་ཞིག་ཆགས་ངེས་ཡིན།
གོང་འཁོད་བསམ་ཚུལ་དེས་སྐུ་ཉིད་དང་སྐུ་ཉིད་ཀྱི་བློ་མཐུན་ཚོ་རྨོངས་གཉིད་ལས་སད་དེ་དོན་དམ་གྱི་དཀའ་ངལ་རྣམས་འཕྲལ་དུ་ཞི་བའི་ལམ་ནས་སེལ་རྒྱུར་ང་ཚོས་སེམས་གཏིང་ནས་རེ་བ་འཆང་བཞིན་ཡོད། དེ་ལས་ལྡོག་སྟེ་དཀའ་ངལ་རྣམས་དྲག་གནོན་གྱིས་སེལ་ཐབས་བྱས་ཚེ་ཕྱིས་སུ་རྗེས་འབྲས་ངན་པ་གང་བྱུང་བའི་འགན་ཁག་ཡོངས་རྫོགས་སྐུ་ཉིད་དང་སྐུ་ཉིད་ཀྱི་སྲིད་གཞུང་ཉག་ཅིག་ལ་དཀྲི་རྒྱུ་བཅས།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༧ ལ།།

Menu