༄༅། །མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༦༥ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

 

དེ་རིང་གི་ཉིན་མོ་ནི་ཕྱི་ལོ་ ༡༩༥༨ ཟླ་ ༦ ཚེས་ ༡༦ ཉིན་བོད་ལྷོ་ཁ་ལྕགས་ཚ་གྲི་གུ་ཐང་དུ་རྒྱལ་གཅེས་དཔའ་བོ་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གི་དབུ་ཁྲིད་འོག་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ཡོངས་ནས་དཔའ་མཛངས་བརྟུལ་ཕོད་ཅན་གྱི་དཔའ་རྒོད་རྣམས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་ཆུ་སྒང་དཔའ་བོའི་ཁྱུ་ཚོགས་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་བཙུགས་ཏེ་མི་ལོ་ཧྲིལ་པོ་ ༦༥ འཁོར་བའི་དུས་དྲན་ཁྱད་པར་ཅན་ཞིག་ཆགས་ཡོད། ལོ་འཁོར་དུས་དྲན་སྲུང་བརྩིའི་མཛད་སྒོར་ཕེབས་པའི་བཀུར་འོས་སྤྱི་འཐུས་རྣམ་པས་གཙོས་སྐུ་མགྲོན་རྣམ་པ་དང་། ཆུ་སྒང་དབུས་སའི་རྒྱུན་ལས་རྣམ་པ། མི་མང་བཅས་ཚང་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

ཆུ་སྒང་སྒྲིག་འཛུགས་འདི་ཉིད་ཀྱིས་བོད་བསྟན་སྲིད་དང་། མི་རིགས། རང་དབང་རང་བཙན་བཅས་ཀྱི་ཆེད་དཔའ་ངར་ཞུམ་མེད་ཀྱིས་བློས་གཏོང་ཆེན་པོས་རྒྱ་དམག་ལ་ཕར་རྒོལ་ཡ་ལན་འཆར་སྒྲིག་སྔ་རྗེས་རིམ་པར་བྱས་ཏེ་ཁ་གཏད་གདོང་ལེན་གྱིས་བོད་བསྟན་སྲིད་སྲུང་སྐྱོབ་སླད་ཞབས་འདེགས་རྨད་དུ་བྱུང་བ་བསྒྲུབས་ཡོད་པ་མ་ཟད། ཉེ་རབས་བོད་ཀྱི་ལོ་རྒྱུས་ནང་རྒྱལ་ཁབ་དང་རང་དབང་འཐབ་རྩོད་ནང་དམག་གི་སྒྲིག་འཛུགས་ཀྱིས་ཁ་གཏད་གདོང་ལེན་བྱས་པའི་དམིགས་བསལ་ལེ་ཚན་ཞིག་ཆགས་ཡོད་པ་དང་། བོད་ཀྱི་ལོ་རྒྱུས་ནང་ཟུབ་ཏུ་མེད་པ་དེང་གིས་ཉམས་ཞིབ་པ་མང་པོས་ཉམས་ཞིབ་བྱ་ཡུལ་གྱི་གདེང་སྤོབས་སྐྱེད་ཡུལ་དང་། ཨ་རིའི་གཞུང་གི་གསང་བའི་ཡིག་ཆ་དང་། རྒྱ་ནག་དམག་གི་ལོ་རྒྱུས་སོགས་ཀྱི་ནང་ལའང་འཁོད་ཡོད།

བསྟན་སྲུང་དང་བླངས་དམག་བོད་ལྷོ་ཁ་ཁུལ་རྟེན་གཞི་བྱས་ནས་ལྷོ་ཁའི་རྫོང་ཁག་ཡོངས་ཀྱིས་རྒྱ་དམག་ལ་འབུར་འཇོམས་དང་མཐར་བསྐྲོད་བྱས་ཏེ། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་ལྷ་སར་ཆོལ་གསུམ་བོད་མི་ཡོངས་ཀྱིས་མ་བགྲོས་བསམ་པ་གཅིག་མཐུན་གྱིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཕྱྭའི་སྲུང་སྐྱོབ་དང་། རྒྱ་དམག་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པར་ངོ་རྒོལ་གྱིས་ཞི་བའི་གྱེན་ལངས་བྱས་པ་དང་། དེ་ནས་ཉིན་བདུན་རྗེས་ལྷ་ས་ནོར་བུ་གླིང་ཁ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་བསྟན་སྲིད་ཀྱི་བདེ་ཐབས་སླད་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་མ་ཕེབས་ཐབས་མེད་བྱུང་སྐབས་ཀྱང་བོད་ལྷོ་ཁ་ཁུལ་ནས་ཕེབས་ལམ་གཙང་སེལ་བྱུང་ཐུབ་པ་དང་། དེ་བཞིན་བླ་ཆེན་ཁག་དང་རྒྱ་ཆེའི་བོད་རིགས་རྣམས་ཀྱི་བྲོས་ལམ་བསལ་བ་དང་། རྗེས་འདེད་རྒྱ་དམག་སྟོང་ཕྲག་མང་པོར་འཐབ་རྒོལ་རིམ་པ་བྱས་ཡོད། ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཕྱྭའི་ཉེན་སྲུང་གི་ཞབས་འདེགས་ཞུ་སྒོ་ཅི་མཆིས་བདེ་བླག་ངང་ལས་དོན་རླབས་པོ་ཆེ་བསྒྲུབས་གནང་བར། གོ་སྐབས་འདི་བརྒྱུད་ཕར་རྒོལ་གྱི་བརྒྱུད་རིམ་ཁྲོད་རྐྱེན་འདས་སུ་གྱུར་བ་དང་རྨས་སྐྱོན་ཕོག་པ་སོགས་རྒྱལ་གཅེས་བརྟུལ་ཕོད་ཅན་རྣམས་རྗེས་སུ་དྲན་པའི་སྒོ་ནས་ཁོང་རྣམ་པར་སྙིང་ཁོང་རུས་པའི་གཏིང་ནས་གུས་འདུད་ཞུ་རྒྱུ་ཡིན།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་བདེ་བར་གདན་འདྲེན་ཞུས་ཐུབ་པར་བརྟེན་བོད་བསྟན་སྲིད་མི་རིགས་དང་བཅས་པ་དུས་ད་ལྟའི་བར་མི་འཇིག་པར་རྒྱུན་གནས་ཐུབ་པ་བྱུང་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྗེའི་གྲིབ་བསིལ་སྣུམ་པོའི་འོག་བཙན་བྱོལ་དུ་བོད་མི་རྣམས་ལ་མང་གཙོ་གསོལ་སྩལ་གནང་ཞིང་། ཁྱབ་ཁོངས་གཞིས་སྒར་ཁག་དང་དགོན་སྡེ་གྲྭ་ཚང་ཁག སློབ་གྲྭ་ཁག རིག་གཞུང་བསྟི་གནས་ཁང་། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་སོགས་སྒྲིག་འཛུགས་མང་དག་ཅིག་སྲ་བརྟན་དུ་ཚུགས་ཐུབ་པ་བྱུང་བ་ཚང་མས་ནུས་པ་མཉམ་སྤུངས་ཀྱིས་རང་རེའི་ཆོས་དང་རིག་གཞུང་། ཡ་རབས་བཟང་པོའི་གོམས་གཤིས་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་ཡོང་ཐབས་དང་། བོད་མིའི་བདེན་མཐའ་གསལ་ཐབས་བཅས་ཀྱི་ཐོག་ལ་སེམས་ཤུགས་ཆེ་བསྐྱེད་ཀྱིས་མུ་མཐུད་འབད་འབུངས་བྱེད་བཞིན་པ་ནི་འཛམ་གླིང་ནང་བཙན་བྱོལ་བ་གཞན་མང་པོས་མིག་ལྟོས་བྱ་ཡུལ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་ནི་དགའ་སྒོམ་བྱེད་འོས་སུ་གྱུར།

དུས་ཀྱི་འགྱུར་བགྲོད་ལ་གཞིགས་པས་ཆུ་སྒང་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དེ་ཉིད་ཕྱིས་སུ་དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་བདེ་དོན་ཚོགས་པའི་མཚན་ཐོག་དེབ་སྐྱེལ་གནང་སྟེ། འདས་པའི་དཔའ་བོ་དཔའ་མོ་རྣམས་ཀྱི་མཛད་རྗེས་རླབས་པོ་ཆེ་རྣམས་ཡིད་ལ་དྲན་བཞིན་སྒྲིག་འཛུགས་འདི་ཉིད་སྲ་བརྟན་ཕུགས་འཕེར་ངང་གནས་ཏེ་བོད་མིའི་རྩ་དོན་འཐབ་རྩོད་གཙོ་གྱུར་ཐོག ཚོགས་པའི་བྱ་གཞག་བཟང་པོ་གང་ཅིར་ལྷོད་གཡེངས་སུ་མ་སོང་བའི་ཕྱོགས་ཚང་མ་ནས་སྔར་ལྷག་འབད་བརྩོན་གནང་བཞིན་པ་དང་། ཆུ་སྒང་དབུས་ས་ཡོངས་དང་རྒྱུན་ལས་རྣམ་པའི་ལས་དོན་བྱེད་ཕྱོགས་དང་ཐོབ་ཐང་། དངུལ་རྩིས་སྟངས་འཛིན་བྱེད་ཕྱོགས་བཅས་ཀྱི་སྒྲིག་གཞི་ཁག་གཏན་འབེབས་ཀྱིས་གང་ཟག་གི་དབང་སྒྱུར་ལ་གཙོ་བོར་མི་བརྟེན་པར་ཁྲིམས་ཀྱིས་དབང་སྒྱུར་ཐོག་ནས་བསྐྱོད་བཞིན་པ་ནི་ཧ་ཅང་གལ་ཆེ་ཞིག་ཏུ་གྱུར་ཡོད། ད་བར་ཆུ་སྒང་རྒྱུན་ལས་རིམ་པས་སྒྲིག་འཛུགས་ཀྱི་ལས་དོན་ཡོངས་རྫོགས་ཚགས་ཚུད་གནང་བར་བསྔགས་འོས་སུ་མཐོང་། དེ་བཞིན་ཆུ་སྒང་སྒྲིག་འཛུགས་ཀྱིས་མི་རབས་རྒན་པ་དང་འཁོས་ཞན་རྣམས་ལ་འཚོ་སྣོན་དང་། མ་འོངས་བོད་དོན་འཐབ་རྩོད་ཀྱི་སོན་རྩ་ན་གཞོན་སློབ་གཉེར་གནང་བཞིན་པ་ཁག་ལ་སློབ་ཡོན་བཅས་ཀྱི་མཐུན་འགྱུར་གནང་དང་གནང་མུས་བཅས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན།

༸རྒྱལ་བའི་༸སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་དང་བརྟན་བཞུགས་བསྟར་འབུལ་སོགས་ཀྱིས་མཚོན་བོད་རྒྱལ་བསྟན་སྲིད་མི་རིགས་བཅས་པར་ཕན་པ་སྒྲུབ་པའི་བྱ་བ་མང་དག་ཅིག་དུས་ནས་དུས་སུ་གསར་རྩོམ་གནང་བཞིན་པ་དང་། བོད་རྒྱལ་བསྟན་ཆབ་སྲིད་ཛ་དྲག་དང་གཉན་འཕྲང་ཆེ་བའི་སྐབས་འདིར་ཆུ་སྒང་སྒྲིག་འཛུགས་ཀྱི་ངོས་ནས་བོད་དོན་བདེན་མཐའ་གསལ་ཐབས་སུ་ཕྱར་གྲུ་མཉམ་འདེགས་ཞུས་དང་ཞུ་བཞིན་པ་བཅས་ཀྱིས། ཐོག་མར་མི་རབས་རྒན་པ་ཚོས་སྐུ་ལས་བསྐྱོན་ཏེ་སྒྲིག་འཛུགས་གསར་འཛུགས་གནང་བའི་དོན་གོ་ཆོད་པར་གྱུར་བ་གསལ་སྟོན་ཐུབ་པ་དང་། སླད་ནས་ཀྱང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་འོག་བོད་བསྟན་སྲིད་མི་རིགས་དང་བཅས་པའི་དོན་དུ་འབད་འབུངས་ལྷོད་མེད་ཡོང་བའི་རེ་སྨོན་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་རིས་མེད་ཀྱི་སྐྱེས་ཆེན་རྣམས་སྐུ་ཚེ་༸ཞབས་པད་སྲིད་མཐར་བརྟན་ཅིང་། རླབས་ཆེའི་ཐུགས་ཀྱི་བཞེད་དགོངས་མཐའ་དག་མ་ལུས་ལྷུན་གྱིས་འགྲུབ་པ་དང་། བོོད་དོན་བདེན་མཐའ་མྱུར་དུ་གསལ་བ། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཞུ་སྒོ་མཐའ་དག་ལམ་ལྷོང་དོན་ཕན་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་བཅས།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༡༦ ལ།།