༄༅། །བོད་མི་མང་སྤྱི་ལྷན་ཚོགས་གཙོ་མཆོག་གིས་དབུས་སྤྱི་འཐུས་རྣམ་པ་བཞི་ཡུ་རོབ་རྒྱལ་ཁབ་ལྔར་གཞུང་འབྲེལ་ཕེབས་བཞིན་པ་ལྟར་སྦེལ་ལྗམ་ཁུལ་པེབས་གནང་སྙིང་བསྡུས།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོས་སྣེ་ཁྲིད་པའི་སྤྱི་འཐུས་ལྔ་ལས་ གྲུབ་པའི་ཞུ་གཏུགས་ཚོགས་ཆུང་ཕྱི་ལོ་༢༠༡༣ ཟླ་༡༡ ཚེས་༣ ནས་ཡོ་རོབ་ཀྱི་རྒྱལ་ཁབ་སྦེལ་ལྗམ་དང་། ཧྥ་རན་སི། ཧོ་ལན་ཊི། འབྱར་མན། ཨིན་ལན་ཊི་བཅས་རྒྱལ་ཁབ་ཁག་ལྔའི་ནང་འབྲེལ་ཡོད་སྐུ་ཚབ་དོན་གཅོད་ཁང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གོ་སྒྲིག་དང་མཐུན་འགྱུར་འོག་ཕྱོགས་བསྐྱོད་བྱེད་འགོ་བཙུགས་ཡོད་པ་ལྟར། ཕྱི་ཚེས་༣ ཞོགས་པར་སྤར་སིལ་སྐུ་ཚབ་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་དང་། སྦེལ་ལྗམ་བོད་རིགས་ཚོགས་པ་དང་གཞན་ཡང་ཚོགས་པ་ཁག་གི་ལས་གནས་རྣམ་པས་གནམ་ཐང་ནས་ཕེབས་བསུ་ཞུས་པ་དང་། སྔ་དྲོའི་ཆུ་ཚོད་༡༡ ཐོག་སྦེལ་ལྗམ་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ཁག་མཉམ་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་མ་འོངས་ལས་དོན་སྤེལ་ཕྱོགས་སྐོར་ལ་གོ་བསྡུར་ལྷུག་པོར་གནང་ཡོད།

ཉིན་དེའི་ཉིན་རྒྱབ་སྦེམ་ལྗམ་སྐུ་ཚབ་དོན་གཅོད་མཆོག་དང་བོད་རིགས་ཚོགས་པ་སོགས་ཚོགས་སྡེ་ཁག་གཞན་གི་ཚོགས་གཙོ་དང་རྒྱུན་ལས་ལྷན་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། དེ་རྗེས་སྦེལ་ལྗམ་བོད་རིགས་མི་མང་རྒྱས་འཛོམས་ཐོག་བོད་རིགས་ཚོགས་པའི་ཚོགས་གཙོས་ཕེབས་བསུ་དང་ས་གནས་སྐུ་ཚབ་དོན་གཅོད་མཆོག་གིས་ཞུ་གཏུགས་ལས་དོན་སྐོར་གསུངས་བཤད་གནང་བ་དང་འབྲེལ། སྤྱི་འཐུས་རེ་རེས་དབུ་མའི་ལམ་གྱི་སྲིད་ཇུས་སྐོར་དང་། གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་དོན་སྙིང་བསྡུས་དང་ཆོས་དང་རིག་གཞུང་སྲུང་སྐྱོབ་གལ་གནད་སྐོར། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་སྐོར། ས་གནས་སུ་མི་མང་ལས་དོན་སྒྲུབ་ཕྱོགས་དང་དྲི་བ་དྲིས་ལན་བཅས་ཀྱི་གསུང་བཤད་གནང་ ཡོད། ཕྱི་ཟླ་༡༡ ཚེས་༤ སྔ་དྲོར་ཡུ་རོབ་སྤྱི་མཐུན་གྱི་ཡུ་རོབ་ས་ཁུལ་ལྷན་ཚོགས་ལས་ཁུངས་ཀྱི་སྤྱི་ཁྱབ་འཛིན་སྐྱོང་འགན་འཛིན་སྐུ་ཞབས་Branislav Stanicek མཆོག་གིས་ལྷན་ཚོགས་ཁང་དུ་སྣེ་ལེན་དང་འབྲེལ་EU Comminitee of Regions ཞེས་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན་ངོ་སྤྲོད་གནང་རྗེས། དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་མཆོག་གི་བོད་མི་རྩ་དོན་སྒྲུབ་ཕྱོགས་དང་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསལ་བཤད་ཞུས་པ་དང་ཐེངས་འདིའི་ཞུ་གཏུགས་ཡིག་ཆ་ཁག་འབུལ་ལམ་ཞུས།

ཉིན་དེའི་ཉིན་རྒྱབ་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ གཙོ་དང་དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་དབུ་བཞུགས་ཐོག་ཡུ་རོབ་གྲོས་ཚོགས་ཀྱི་ བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཐེངས་༩༨ ལྷན་ཚོགས་ཀྱིས་བོད་ནང་གི་ཛ་དྲག་གི་གནས་བབས་སྐོར་ལ་ཆུ་ཚོད་གཉིས་རིང་བཞུགས་ མོལ་ཚོགས་འདུ་བསྐྱངས།

ཕྱི་ཚེས་ ༥ སྔ་དྲོར་ཡུ་རོབ་སྤྱི་མཐུན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་ལྷན་ཚོགས་ཀྱི་འཐུས་མི་བཞི་དང་ལྷན་དུ་བོད་ནང་གི་གནས་སྟངས་ཛ་དྲག་དང་ལྷན་ཚོགས་དང་འབྲེལ་ བའི་བོད་དོན་ཐོག་མ་འོངས་རྒྱབ་སྐྱོར་གནང་ཕྱོགས་ཀྱི་ལས་དོན་སྐོར་གོ་བསྡུར་བྱས་དང་། དེ་རྗེས་སུ་ཡུ་རོབ་སྤྱི་མཐུན་ཕྱི་སྲིད་ལས་ཁུངས་European External Action Service དེའི་འགྲོ་བ་མིའི་ཐོབ་ཐང་གི་ཨེ་ཤི་ཡའི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ས་བྷ་ཐིལ་མཆོག་དང་ཁོང་གི་ལས་རོགས་ལྕམ་སྐུ་མེན་ཌ་ལ་ལྷན་དུ་འདས་པའི་གནས་ཚུལ་བསྐྱར་ཞིབ་དང་། མ་འོངས་བོད་དོན་གླེང་ཕྱོགས་སྐོར་གོ་བསྡུར་ཟབ་གནན་ཞུས།

ཉིན་རྒྱབ་སྦེལ་ལྗམ་དབུས་དང་ས་གནས་གྲོས་ཚོགས་ཀྱི་འབྲེལ་ཡོད་ཆེས་མཐོའི་མི་ སྣའི་ལྷན་གོང་བཞིན་བོད་དོན་ཞུ་གཏུགས་དང་མ་འོངས་བོད་དོན་ཐོག་ལས་དོན་སྤེལ་ ཕྱོགས་གྲོས་བསྡུར་ཞིབ་ལྷུག་ཞུས། ཕྱི་ཚེས་༦ སྔ་དྲོར་སྦེམ་ལྗམ་གྱི་ལས་རིམ་གྲུབ་སྟེ་ཧྥ་རན་སུར་ཐོན་པའི་གནས་ཚུལ་དུ་ཕྱི་ལོ་༢༠༡༣ ཟླ་༡༡ ཚེས་༦ ལ་ཕུལ།

 

 

Menu