༄༅། །བོད་མི་མང་སྤྱི་ལྷན་ཚོགས་གཙོ་མཆོག་གིས་དབུས་སྤྱི་འཐུས་རྣམ་པ་བཞི་ཡུ་རོབ་རྒྱལ་ཁབ་ལྔར་གཞུང་འབྲེལ་ཕེབས་བཞིན་པ་ལྟར་ཕ་རིན་སི་ཁུལ་ཕེབས་གནང་སྙིང་བསྡུས།

༄༅། །སྤྱི་འཐུས་ཚོགས་གཙོས་སྣེ་ཁྲིད་པའི་ཡུ་རོབ་རྒྱལ་ཁབ་ཁག་གི་ནང་བོད་དོན་ཞུ་གཏུག་ཚོགས་ཆུང་གི་ཟླ་༡༡ ཚེས་༣ ནས་༦ བར་སྦེལ་ལྗེམ་རྒྱལ་ཁབ་ནང་ལས་དོན་གྲུབ་སྟེ། ཚེས་༦ ཉིན་རྒྱབ་ཕ་རན་སི་རྒྱལ་ས་པེ་རི་སིར་འབྱོར་རྗེས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལ་མཇལ་འཕྲད་ཀྱིས་བཞུགས་མོལ་ཚོགས་འདུ་འཚོགས།   ཁོང་རྣམ་པས་འདས་པའི་རིང་བོད་དོན་ཐོག་ལས་དོན་ཇི་གནང་དང་མ་འོངས་ཇི་དགེ་ཐད་གོ་བསྡུར་ཞིབ་ལྷུག་གནང་བ་དང་། བོད་ནང་གི་གནས་སྟངས་ཛ་དྲག་སྐོར་དང་། རྒྱ་ནག་གི་དབུ་ཁྲིད་ཚོས་དངོས་ཐོག་བདེན་འཚོལ་མི་གནང་པར་དྲག་གནོན་དང་རྗུན་སྒྲིག་དྲིལ་བསྒྲགས་བྱེད་ཐབས་སྤྱོད་བཞིན་པའི་སྐོར་སོགས་བོད་ནང་གི་དངོས་ཡོད་ གནས་ཚུལ་སྙན་སྒྲོན་ཞུས་མ་ཟད། ཁོང་ཚོའི་སྙིང་སྟོབས་དང་ལྷག་བསམ་ལ་ཡི་རངས་བསྔགས་བརྗོད་ཞུས།

ཚེས་༧ ཉིན་སྔ་དྲོར་ཕ་རིན་སི་གྲོས་ཚོགས་འོག་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་རྣམ་གཉིས་དང་འཐུས་མི་ཁག་ཅིག་ལྷན་འཛོམས་ཀྱིས་སྔར་བཞིན་བོད་དོན་ཐོག་བགྲོ་ གླེང་དང་བོད་ནང་གི་ཛ་དྲག་གནས་སྟངས་སྙན་སྒྲོན་དང་འབྲེལ་ཡིག་ཆ་ཁག་འབུལ་ལམ་ཞུས་ཡོད། ཚོགས་གཙོ་རྣམ་གཉིས་མཆོག་གིས་བོད་དོན་ཐོག་བློ་འཚབ་དང་ལག་ལེན་ཐོག་བོད་སྐྱོབ་ཐབས་གལ་ཆེར་འཛིན་དགོས་པ་སོགས་ཀྱི་བཀའ་སློབ་གནང་རྗེས། བོད་ནང་གི་དངོས་བྱུང་གློག་བརྙན་འཇིག་སྣང་ཟེར་བའི་བརྙན་འཁོར་གཟིགས་འབུལ་ཞུས།

ཉིན་གོང་ཕ་རིན་སི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོས་དབུས་གྲོས་ཚོགས་གོང་མའི་འཐུས་མི་བརྒྱད་དང་དྲུང་ཆེ་བཅས་མཇལ་འཛོམས་ཀྱིས་སྔར་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་དང་། རང་གཞུང་གི་སྲིད་བྱུས། མ་འོངས་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་ལྷུག་པོར་གནང་བ་མ་ཟད། ཁོང་རྣམ་པས་བོད་དོན་དེ་འཛམ་གླིང་རྒྱལ་ཁབ་ཚང་མར་འགན་འཁུར་ཡོད་གནས་དང་། རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་གཏང་བཞིན་པའི་ཐད་སྐྱོན་བརྗོད་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་ཚང་མས་ནུས་པ་ཕྱོགས་གཅིག་ལ་སྤོང་ནས་ཤུགས་རྒྱག་དགོས་པ་དང་། རྒྱལ་སྤྱིའི་རང་བཞིན་ཅན་གྱི་འདུ་འཛོམ་དང་ལས་འགུལ་སྤེལ་དགོས་པ་སོགས་དགོངས་ཚུལ་བཏོན།

ཉིན་དེའི་དགོང་མོར་ཕ་རིན་སི་བོད་རིགས་ཚོགས་པས་གོ་སྒྲིག་འོག་བོད་རིགས་མང་ཚོགས་༢༠༠ ལྷག་ལྷན་འཛོམས་སར་་བོད་དོན་ཞུ་གཏུགས་ཀྱི་ལས་རིམ་ངོ་སྤྲོད་དང་སྤྱི་འཐུས་ རྣམས་ཀྱིས་རིམ་བཞིན་བོད་ནང་གི་གནང་སྟངས་དང་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་སྲིད་བྱུས། བོད་ཀྱི་ཆོས་དང་རིག་གཞུང་བདག་པོ་རྒྱག་སྟངས། གཞུང་དམངས་དབར་འབྲེལ་བ་གལ་ཆེ་སོགས་ཀྱི་སྐོར་གཏམ་བཤད་གནང་བ་དང་། མང་ཚོགས་ནས་དྲི་བ་གནང་བར་ལན་འདེབས་གསལ་བཤད་གནང་།

ཚེས་༨ ཉིན་ཕ་རིན་སིའི་རྒྱལ་ཁབ་ནས་མཛད་རིམ་ལེགས་པར་གྲུབ་ཏེ་ཧོ་ལེན་ཊི་ལ་ཕེབས་ཐོན་གནང་བ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ་ཕྱི་ལོ་༢༠༡༣ ཟླ་༡༡ ཚེས་༩ལ།

Menu