༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཉི་ཧོང་གི་གྲོས་ཚོགས་གོང་འོག་ཏུ་བོད་དོན་ཞུ་གཏུག་གི་ལས་འགུལ་རྒྱ་ཆེ་སྤེལ་བ།

ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༣ ཉིན་ནས་ ༡༠ བར་བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་མཆོག་དང། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་མཆོག སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་མཆོག་བཅས་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཉི་ཧོང་དུ་ཕེབས་ཏེ་བོད་དོན་ཞུ་གཏུག་གི་ལས་འགུལ་རྒྱ་ཆེ་སྤེལ་གནང་ཡོད། དེ་ཡང་འདི་ཟླའི་ཚེས་ ༨ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣ པའི་ཐོག་ཉི་ཧོང་གྲོས་ཚོགས་གོང་མའི་སྐུ་མགྲོན་མཇལ་འཕྲད་ཁང་དུ་གྲོས་ཚོགས་གོང་མའི་འཐུས་མི་བོད་དོན་རྒྱབ་སྐྱོར་བ་ལྕམ་ཡ་མ་ཏེན་རི་ཀྱོ་མཆོག་དང་། nyihonགྲོས་ཚོགས་འོག་མའི་འཐུས་མི་དང་ཕྱོགས་འགལ་མང་གཙོ་ཚོགས་པའི་ཚོགས་མི་སྐུ་ཞབས་རིའུ་ཧེ་རོ་ཕུ་མེ་མཆོག་གཉིས་དང་ལྷན་དུ་མཇལ་འཕྲད་ཀྱིས། ཁོང་རྣམ་པ་གཉིས་ནས་ལོ་མང་རིང་བོད་དོན་ལ་དོ་འཁུར་དང་རྒྱབ་སྐྱོར་ཤུགས་ཆེ་གནང་བར་དམིགས་བསལ་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་དང་མཇལ་དར་ཕུལ་བ་མ་ཟད། མ་འོངས་པར་ཡང་མུ་མཐུད་རྒྱབ་སྐྱོར་དང་འབྲེལ་ཉི་ཧོང་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པ་སྲ་བརྟན་འཛུགས་ཐུབ་པའི་རེ་འབོད་དང་བཅས། གྲོས་ཚོགས་འཐུས་མི་རྣམ་པ་གཉིས་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་དུ་མཉམ་ཞུགས་ཡོང་བའི་རེ་བསྐུལ་ཞུས་པར་དུས་ཚོད་བྱུང་ན་བཅར་རྒྱུ་ཡིན་སྐོར་གྱི་ཞལ་བཞེས་ཀྱང་གནང་ཡོད། སྐུ་ཚབ་དོན་གཅོད་མཆོག་གིས་སྐད་བསྒྱུར་གནང་བའི་ཐོག་ནས་སྤྱི་ཡོངས་བོད་ཀྱི་ཛ་དྲག་གི་གནས་སྟངས་དང་། དམིགས་བསལ་བོད་དོན་བདེན་མཐའ་གསལ་ཕྱོགས་དང་འབྲེལ་བའི་སྐོར་བསམ་ཚུལ་བརྗེ་ལེན་ལྷུག་པོ་བྱུང་།

འདི་ཟླའི་ཚེས་ ༩ སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་སྤྱི་འཐུས་རྣམ་པ་གསུམ་གྱིས་ཉི་ཧོང་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མི་ཀི་ཝ་ཏ་ན་བེ་མཆོག་གི་ཡིག་ཚང་དུ་ཁོང་དང་མཇལ་འཕྲད་ཞུས་གནང་ཡོད། སྐུ་ཞབས་ཁོང་ནི་ཉི་ཧོང་དུ་སྐད་གྲགས་ཅན་གྱི་ཚོང་པ་དང། དམིགས་བསལ་རྗེས་ལུས་ཅན་གྱི་རྒྱལ་ཁབ་ཀན་པོ་ཊེ་ཡ་ལྟ་བུར་སློབ་གྲྭ་ ༢༠༠ ལྷག་གསར་རྒྱག་དང། བལ་ཡུལ་དུའང་དེ་ལྟའི་རོགས་སྐྱོར་བྱ་རྒྱུའི་འདུན་པ་ཡོད་པ། ཉི་ཧོང་རྒྱལ་ཁབ་སྤྱི་ཡོངས་སུ་ཁོང་ལ་གཟིགས་ཕྱོགས་ལེགས་པོ་ཡོད་པ་ཞིག་ཡིན། nyihon1ད་ཐེངས་ཁོང་གིས་བོད་དོན་ཐོག་ལའང་ཤེས་རྟོགས་ཀྱི་འདུན་པ་ཆེན་པོ་སྐྱེས་ཏེ། ཐོག་མའི་འཆར་ཐུག་འཕྲད་ཀྱི་དུས་ཚོད་སྐར་མ་ ༢༠ ལས་གནང་མེད་ཀྱང། ཁོང་ནས་བོད་དོན་སྐོར་རྒྱུས་ལོན་གནང་བ་དང་པོ་ཡིན་སྟབས། བོད་ས་མ་ཤོར་གོང་གི་གནས་ཚུལ་དང། བཙན་བྱོལ་གྱི་གནས་སྟངས་དང་གཞུང་གི་སྒྲོམ་གཞི། རྒྱལ་སྤྱིའི་ཐོག་བོད་དོན་ལ་རྒྱབ་སྐྱོར་གྱི་ཚད་ཇི་ཙམ་ཡོད་པ་སོགས་དང་འབྲེལ་བའི་དྲི་བ་ཤིན་ཏུ་མང་པོ་ཕེབས་པར་སྤྱི་འཐུས་རྣམ་པས་རེ་རེ་བཞིན་ལན་འདེབས་མཐིལ་ཕྱིན་གནང་སྟེ་ཆུ་ཚོད་གཅིག་ཙམ་འགོར་བ་དང། ཁོང་གིས་དགྱེས་ཚོར་ཆེན་པོའི་ཐོག་ནས་བོད་དོན་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་རྒྱུའི་སྐོར་དང། ཁོང་བཞུགས་སྒར་རྡ་སར་ཕེབས་རྒྱུའི་མགྲོན་འབོད་དང། ལྷག་དོན་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བདུན་པར་མཉམ་ཞུགས་ཡོང་བའི་རེ་འབོད་ཞུས་པར་དུས་ཚོད་བྱུང་ན་བཅར་རྒྱུའི་ཞལ་བཞེས་ཀྱང་གནང་ཡོད།

ཉིན་དེའི་ཉིན་གུང་ཆུ་ཚོད་ ༡༢།༣༠ ཐོག་གྲོས་ཚོགས་འོག་མའི་འཐུས་མི་དང། ཉི་ཧོང་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐོག་མ་འཛུགས་མཁན་མི་ལྔའི་གྲས། མི་ལོ་ ༢༠ སྔོན་ནས་བཞུགས་སྒར་རྡ་སར་ཕེབས་མྱོང་མཁན་སྐུ་ཞབས་ཡུ་ཀི་ཨོ་ཨེ་ད་ནོ་མཆོག་གི་ཡིག་ཚང་དུ་ཁོང་དང་མཇལ་འཕྲད་འཚམས་འདྲི་ཞུས་པ་དང། nyihon2ཁོང་གིས་མི་ལོ་མང་པོའི་རིང་བོད་དོན་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་མཚོན་བྱེད་དུ་གྲོས་ཚོགས་ཀྱི་ཕྱག་རྟགས་ཤིག་ཀྱང་ཕུལ། མཇལ་མོལ་སྐབས་ཁོང་ནས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་སྐོར་གྱི་བཀའ་སློབ་ཕེབས་པ་མ་ཟད། སྤྱི་ཡོངས་རྒྱ་ནག་ལ་འགྱུར་བ་ཐེབས་ཏེ་བོད་ཀྱི་དཀའ་གནད་མགྱོགས་པོ་སེལ་ཐུབ་རྒྱུའི་རེ་བ་ཡོད་སྐོར་དང། བོད་མིའི་སྒྲིག་འཛུགས་ལ་རྗེས་སུ་དཀའ་ངལ་ཆེན་པོ་ཇི་ལྟར་འཕྲད་རུང་ངེས་པར་བཟོད་སྒོམ་ཆེན་པོའི་ཐོག་ད་ལྟའི་སྲིད་བྱུས་མུ་མཐུད་རྒྱུན་འཛིན་ཐུབ་པ་དགོས་པའི་བཀའ་སློབ་དང་འབྲེལ། སྤྱི་ཡོངས་བོད་དོན་གྱི་ཐད་རྒྱུས་མངའ་ཡོད་ཀྱང་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་གནང་རོགས་གསུངས་པར་ངོ་སྤྲོད་ཞིབ་ཅིང་ཕྲ་བ་ཞུས།

ད་ཐེངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཉེ་ཧོང་དུ་བོད་དོན་ཞུ་གཏུག་གི་ལས་འགུལ་ལེགས་གྲུབ་བྱུང་ནས་རྡ་སར་ཕྱིར་ཕེབས་ཟིན་པ་བཅས། བོད་མི་མང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས། ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡༧ ལ།།

 

 

Menu