སྐུ་ཞབས་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་དོན་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༦ ཉིན་རྒྱ་ནག་གཞུང་གི་ཉེན་རྟོག་པས་མགོ་ལོག་པདྨ་རྫོང་གི་མཁར་ཡུལ་ཚོའི་སྟོབས་དབང་འཇུ་འཁྲིད་བྱ་རྩིས་བྱས་པར་མཐའ་སྐོར་ལ་ཡོད་པའི་བོད་མི་ཚོས་བཀག་འགོག་བྱེད་སྐབས་ཉེན་རྟོག་པས་གང་བྱུང་དུ་མེ་མདའ་བརྒྱབ་སྟེ་རང་ལོ་ ༢༨ ཡས་མས་ཡིན་པ་སྐུ་ཞབས་ཆོས་རིས་ལགས་དམར་བསད་བཏང་འདུག་པ་དང་།
བོད་མི་གཉིས་ཙམ་ལ་རྨས་སྐྱོན་ཚབས་ཆེ་ཕོག་ཡོད་གནས་འདུག དེ་ཡང་ཕྱི་ཟླ་ ༡ ཚེས་ ༢༥ ཉིན་མགོ་ལོག་པདྨ་རྫོང་སྟག་མཁར་ཡུལ་ཚོའི་མཁར་ནང་ཚོ་པ་དང་། རྟོག་རྟོག་ཚོ་པ། གྱི་མཁར་ཡུལ་ཚོའི་གྱི་ལུང་ཚོ་པ་བཅས་ཀྱིས་སྟར་མཁར་ཡུལ་ཚོའི་སྟེང་དུ་རྒྱ་གཞུང་ལ་ཞི་རྒོལ་བྱས་ཏེ་རྒྱ་གཞུང་གི་རྒྱལ་དར་མར་ཕབ་པ་སོགས་བྱས་པར་བརྟེན་མི་མང་པོ་ཞིག་ཉིན་མོ་དེ་ནས་བཟུང་རིའི་སྒང་ལ་བྲོས་བྱོལ་བྱེད་དགོས་བྱུང་ཡོད་པ་དང་། ཉིན་དེ་ནས་དེའི་ཁུལ་དམག་མི་འཕོན་ཆེ་འགྲེམས་འཇོག་བྱས་ཡོད་གནས་འདུག ཕྱི་ཟླ་ ༣ ཚེས་ ༦ ཉིན་གྱི་མཁར་ཡུལ་ཚོའི་ཐོག་ཏུ་ཟླ་ ༡ ཚེས་ ༢༥ ཉིན་ཞི་རྒོལ་ནང་དུ་མཉམ་ཞུགས་གནང་མཁན་གྱི་མཁར་ཡུལ་ཚོའི་ཕ་སྟོབས་རྒྱས་དང་། མ་སྦེ་ལོ་གཉིས་གྱི་བུ་སྟོབས་དབང་འཛིན་བཟུང་བྱེད་སྐབས། ཆོས་རིས་དང་འཇམ་དཔལ་བློ་གྲོས། དཀར་ཁོ་སོགས་ཀྱིས་བཀག་འགོག་བྱས་པར་ཉེན་རྟོག་པ་དང་དམག་མིས་གང་བྱུང་དུ་མེ་མདའ་བརྒྱབ་སྟེ་ཆོས་རིས་ཀྱི་གདོང་པར་མེ་མདའ་ཕོག་སྟེ་དེ་གར་སྐུ་གྲོངས་ཡོད་གནས་འདུག དེའི་སྐབས་ཕ་ལུག་རེས་དང་། མ་སྦོ་རྡེས་གཉིས་ཀྱི་བུ་སྐར་ཁོ་དང་། འཇམ་དཔལ་བློ་གྲོས་གཉིས་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་ད་སྐབས་མགོ་ལོོག་ཁུལ་སྨན་བཅོས་བྱེད་བཞིན་ཡོད་གནས་འདུག འདས་པོ་ཆོས་རིས་ལགས་ནི་ཕ་དར་རྒྱས་དང་མ་པིར་རྡོག་གཉིས་ཀྱི་བུ་ཡིན་ཞིང་། རང་ལོ་ ༢༨ ཡས་མས་དང་འདས་པོ་དེའི་ཆུང་མའི་མིང་ལ་པུག་མོ་ཟེར་ཞིང་། ཁོང་གཉིས་ལ་ཕྲུ་གུ་གཅིག་ཡོད་གནས་འདུག གོང་གསལ་གྱི་གནས་ཚུལ་དེའི་ཐད་རྒྱ་ནག་གཞུང་ནས་འགན་འཁུར་མེད་པར་བོད་མི་རྣམས་བསད་བཟུང་བརྡུང་བཙོན་མཚམས་མེད་བྱས་དང་བྱེད་བཞིན་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྐྱོན་བརྗོད་དྲག་པོ་བྱེད་བཞིན་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བོད་ནང་རང་ལུས་མེར་སྲེག་དང་དམར་གསོད་ཀྱི་དོན་རྐྱེན་བྱུང་རིམ་བཞིན་གསར་འགོད་གསལ་བསྒྲགས་རིམ་སྤེལ་བྱས་ནས། རྒྱ་ནག་གཞུང་དང་རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ལ་རེ་འདུན་མང་པོ་ཞུས་དང་ཞུ་བཞིན་ཡོད་རུང་། རྒྱ་ནག་གཞུང་ཕྱོགས་ནས་བོད་ནང་གི་བོད་མི་ཚོའི་དགོས་འདུན་དང་། བོད་མིའི་སྒྲིག་འཛུགས་ཀྱི་རེ་འདུན་བཅས་ལ་བསམ་ཞིབ་བྱེད་རྒྱུ་ལྟ་ཞོག དེ་ལས་ལྡོག་སྟེ་བོད་ནང་དྲག་ཆས་དམག་མི་འབོར་ཆེན་འགྲེམས་འཇོག་བྱས་ཡོད་པ་དང་། བོད་མི་ཚོར་ཚད་ལས་བརྒལ་བའི་མནར་གཅོད་དྲག་པོ་བཏང་དང་གཏོང་བཞིན་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་ཅན་གྱི་སྲིད་བྱུས་དེ་ལ་བསྒྱུར་བཅོས་མ་བཏང་ན། བོད་ནང་རང་ལུས་མེར་སྲེག་སོགས་ཀྱི་ལས་འགུལ་སྣ་ཚོགས་ཡོང་སྲིད་པས། དེ་དག་གི་འགན་ཡོངས་རྫོགས་རྒྱ་ནག་གཞུང་ནས་འཁྱེར་དགོས་ཞེས་སླར་ཡང་ཤུགས་དྲག་ཆེན་པོས་ནན་བརྗོད་བྱ་རྒྱུ་ཡིན། ལྷག་པར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་བརྩི་ཆེན་འཛིན་མཁན་གྱི་རྒྱལ་ཁབ་དང་ཚོགས་སྡེ་ཁག གནད་ཡོད་མི་སྣ། མང་ཚོགས་བཅས་ཀྱིས། བོད་ནང་སྐྱ་སེར་དང་ཕོ་མོ་དབྱེར་མེད་ལང་ཚོ་དར་ལ་བབས་པ་མང་པོས་རང་ལུས་མེར་སྲེག་གིས་ལས་འགུལ་གཅིག་མཇུག་གཉིས་མཐུད་སྤེལ་ཏེ། རང་གི་ཚེ་སྲོག་ཚུན་བློས་བཏང་བྱས་ཏེ་མེ་ལྕེ་དམར་པོའི་ཁྲོད་ནས་༧གོང་ས་མཆོག་བོད་དུ་ཕེབས་དགོས། བོད་ལ་རང་དབང་དགོས་ཞེས་འབོད་ཚིག་སྒྲོག་ནས་རྐྱེན་འདས་སུ་འགྲོ་བཞིན་ཡོད་པ་དེ་དག་གི་རེ་འདུན་ལ་བདག་སྤྲོད་ཡོང་བར་འབྲེལ་ཡོད་ཚང་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྔར་བཞིན་འབོད་སྐུལ་ཞུ་རྒྱུ་ཡིན། ད་རེས་གོ་སྐབས་འདི་བརྒྱུད་བོད་དུ་རང་དབང་ཅན་གྱི་རྒྱལ་སྤྱིའི་གསར་འགོད་པ་དང་། རྒྱལ་སྤྱིའི་ཞིབ་འཇུག་ལྷན་ཚོགས་འཕྲལ་མར་བཏང་སྟེ་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་ཞིབ་འཇུག་མཐིལ་ཕྱིན་གནང་དགོས་པའི་རེ་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༩ ལ། |