ཨི་སི་ཏོ་ནི་ཡའི་ (Estonia) གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Juku-Kalle Raid མཆོག་གིས་དབུས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Henn Polluaas མཆོག་དང་། གྲོས་ཚོགས་འཐུས་མི་དང་ཚོགས་གཙོ་ཟུར་པ་སྐུ་ཞབས་ Tarmo Tamm མཆོག དེ་བཞིན་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཆེད་ཕེབས་གནང་བ།

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༢༦ ཉིན་གྱི་ཞོགས་པ་ཆུ་ཚོད་ ༡༠།༠༠ པའི་ཐོག་ཨི་སི་ཏོ་ནི་ཡའི་ (Estonia) གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Juku-Kalle Raid མཆོག་གིས་དབུས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Henn Polluaas མཆོག་དང་། གྲོས་ཚོགས་འཐུས་མི་དང་ཚོགས་གཙོ་ཟུར་པ་སྐུ་ཞབས་ Tarmo Tamm མཆོག དེ་བཞིན་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཆེད་ཕེབས་གནང་ཡོད།

དེ་ཡང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པས་སྐུ་ཚབ་ཚོགས་ཆུང་རྣམ་པ་སྣེ་ལེན་གཟབ་རྒྱས་ཞུས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཁང་དུ་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་འཕེལ་རིམ་དང་། སྤྱི་འཐུས་ལྷན་ཁང་གི་གྲུབ་ཆ། ལས་དོན་གནང་ཕྱོགས་སོགས་ཀྱི་སྐོར་ངོ་སྤྲོད་གནང་སོང་།

དེ་རྗེས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་དུ་ཐོག་མ་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་ནས་ཁོང་རྣམས་ལ་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་དང་དོ་སྣང་གནང་ནས་འདིར་ཕེབས་པ་འདིས་རྒྱ་ནག་དམར་གཞུང་ལ་བརྡ་ལན་ཤུགས་ཆེ་ཞིག་འགྲོ་ཡི་ཡོད་པས་གཞིས་བཞུགས་བོད་མི་ཚང་མའི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་གནང་།

དེ་ནས་ཚོགས་གཞོན་མཆོག་ནས་བོད་ཀྱི་གནས་བབ་འདིའང་དེ་སྔ་ཨི་སི་ཏོ་ནི་ཡའི་རྒྱལ་ཁབ་ཀྱི་གནས་སྟངས་དང་གཅིག་མཚུངས་ཡོད་པ། བོད་དེ་རྒྱ་ནག་དམར་གཞུང་གི་རྒྱལ་སྤྱིའི་ཁྲིམས་དང་ཡོངས་སུ་འགལ་ནས་བོད་དེ་བཙན་བཟུང་བྱས་པ་མ་ཟད། ད་ལྟ་ཡིན་ནའང་བོད་ནང་གི་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་མེད་པ། སྨྲ་བརྗོད་རང་དབང་མེད་པ། ཆོས་དད་རང་དབང་མེད་པས་ད་བར་ཤེས་རྟོགས་བྱུང་བ་བོད་ནང་བོད་མི་གྲངས་ ༡༥༧ ཙམ་གྱིས་རང་ལུས་མཆོད་མེར་ཕུལ་གནང་ཡོད་པ་དང་། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་དང་། བོད་དུ་རང་དབང་དགོས་པ་དེ་ཁོང་རྣམ་པའི་འབོད་སྒྲ་གཙོ་བོ་དེ་ཡིན། རྒྱ་ནག་གིས་ཕྱིའི་འཛམ་གླིང་དུ་བོད་ལ་རང་དབང་ཆ་ཚང་ཡོད་པ་འགྲེལ་བཤད་བྱེད་ཀྱི་ཡོད། གལ་ཏེ་རྒྱ་ནག་དམར་གཞུང་གིས་ཐོབ་ཐང་དང་རང་དབང་སྤྲོད་ཀྱི་ཡོད་ན་བོད་མི་ཚོས་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་སྲེག་གཏོང་དགོས་དོན་མེད་སྐོར་གསུངས་སོང་།

ད་དུང་ཁོང་ནས་ད་ལྟ་དུས་ཚོད་དེར་བོད་དང་བོད་མི་ཚོར་ཕྱིའི་འཛམ་གླིང་ནས་རྒྱབ་སྐྱོར་ཤུགས་ཆེ་དགོས་ཀྱི་ཡོད་སྐོར་དང་། ལྷག་པར་དུ་མང་གཙོར་ཡིད་ཆེས་དང་ངོས་ལེན་གནང་མཁན་རྒྱལ་ཁབ་ནས་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་རོགས་ཞེས་འབོད་སྐུལ་ཡང་ཞུས་གནང་སོང་། མ་ཟད་ཨི་སི་ཏོ་ནི་ཡ་རྒྱལ་ཁབ་དང་རྒྱ་ནག་གཞུང་གཉིས་ཀྱི་དབར་ཚོང་གི་འབྲེལ་བ་ཉར་ནའང་རྒྱ་ནག་གིས་བོད་ནང་བྱ་སྤྱོད་བྱས་པ་དེ་དག་ལ་འགན་འཁུར་དགོས་པའི་འབོད་སྐུལ་ཞུས་གནང་ཡོད།

གཞན་ཡང་བོད་རྒྱའི་དཀའ་རྙོག་སེལ་བའི་ཆེད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་གཏན་ལ་ཕབ་པའི་གཉིས་ཕན་དབུས་མའི་ལམ་གྱི་དོན་དང་། དམིགས་ཡུལ་སྐོར་གསུངས་བའི་རྗེས་བོད་ཀྱི་མཐོ་སྒང་གི་ཁོར་ཡུག་དེ་བོད་ཙམ་མ་ཟད་འཛམ་གླིང་ཡོངས་ལ་གལ་གནད་ཇི་ཙམ་ཡིན་མིན་སྐོར་གསུངས་གནང་།

མཇུག་བསྡོམས་དེར་ཨི་སི་ཏོ་ནི་ཡའི་གྲོས་ཚོགས་འཐུས་མི་ཚོར་ཕྱི་ལོ་ ༢༠༢༥ ལོར་ཉི་འོང་རྒྱལ་ཁབ་ཀྱི་རྒྱལ་ས་ཀྲོ་ཀི་ཡོ་ (Tokyo) ནང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཞིག་ཚོགས་རྒྱུ་ཡིན་པས་དེར་མཉམ་ཞུགས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྟངས་འཛིན་འོག་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་ལྷན་ཚོགས་ཀྱི་དྲ་རྒྱའི་ནང་ཚོགས་མིར་འཛུལ་ཞུགས་གནང་རོགས་ཞེས་འབོད་སྐུལ་ཞུས་གནང་།

དེ་ནས་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་ཨི་སི་ཏོ་ནི་ཡའི་སྐུ་ཚབ་ཚོགས་ཆུང་རྣམ་པར་འཚམས་འདྲིའི་དགའ་བསུ་ཞུས་ཏེ་སྤྱི་འཐུས་རྒྱུན་ལས་རེ་རེ་བཞིན་ངོ་སྤྲོད་གནང་། ཨི་སི་ཏོ་ནི་ཡ་དང་བོད་དབར་གྱི་འབྲེལ་བ་ཟབ་མོ་དང་དམིགས་བསལ་གྱིས་ཨི་སི་ཏོ་ནི་ཡའི་ཕྱོགས་ནས་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་བརྟན་པོ་གནང་བཞིན་ཡོད་པའི་སྐོར་གསུངས་གནང་སོང་།

གཞན་ཡང་ཨི་སི་ཏོ་ནི་ཡ་རུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐེངས་གསུམ་ཙམ་ཆིབས་བསྒྱུར་བསྐྱངས་གནང་བ་དང་། དེ་བཞིན་ཕྱི་ལོ་ ༢༠༡༤ དང་ ༢༠༢༣ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་གཉིས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཀྱང་ཕེབས་པ་དེས་བོད་མིའི་སྒྲིག་འཛུགས་དང་ཨི་སི་ཏོ་ནི་ཡའི་དབར་འབྲེལ་བ་འབྱུང་བ་རྣམས་གླེང་གནང་སོང་

དེ་བཞིན་དཔལ་ལྡན་ཚོགས་གཙོ་མཆོག་ནས་བྰལ་ཀྲིཀ མངའ་ཁོངས་ (Baltic Region) ཀྱི་རྒྱལ་ཁབ་གསུམ་ནས་གཉིས་སུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་གཉིས་འཚོགས་ཡོད་སྐོར་གསུངས་སོང་། དེ་ཡང་ཚོགས་ཆེན་ཐེངས་གཉིས་པ་དེ་ཕྱི་ལོ་ ༡༩༩༥ ལོར་ལི་ཐུ་ཝ་ནི་ཡ་རུ་འཚོགས་གནང་ཡོད་པ་དང་། ཚོགས་ཆེན་ཐེངས་བདུན་པ་དེ་ཕྱི་ལོ་ ༢༠༢༩ ལོར་ལྰ་ཐི་ཝི་ཡ་རུ་འཚོགས་གནང་ཡོད།

དེ་སྔ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨི་སི་ཏོ་ནི་ཡར་ཕེབས་དུས་རྒྱ་ནག་གཞུང་གིས་གནོན་ཤུགས་ཀྱི་དམ་བསྒྲགས་ཡོད་ནའང་། ཨི་སི་ཏོ་ནི་ཡའི་གསར་འགྱུར་བརྒྱུད་ལམ་ཆེ་ཁག་ནང་དོ་སྣང་ཤུགས་ཆེན་པོས་ཁྱབ་བསྒྲགས་བྱེད་ཐུབ་པའི་སྐོར་དང་། ལྷག་པར་དུ་ཁོང་རྣམ་པའི་སྐུ་ཚབ་ཚོགས་ཆུང་ནས་ད་རེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཕེབས་པ་དེས་བོད་ནང་གི་བོད་མི་ཚོའི་ལྷག་བསམ་དང་སྙིང་སྟོབས་འཕེལ་རྒྱུའི་སྐོར་གསུངས་གནང་སོང་།

དེ་བཞིན་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ཨི་སི་ཏོ་ནི་ཡའི་སྐུ་ཚབ་ཚོགས་ཆུང་བར་བཀའ་བསྡུར་ལྷུག་པོ་གནང་རྗེས་སྐུ་ཚབ་རྣམ་པས་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཁས་ལེན་གནང་ཡོད་པ་རེད།

མཐའ་བསྡོམས་དེར། དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་ནས་སྐུ་ཚབ་ཚོགས་ཆུང་རྣམ་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་ཕུལ་ནས་ཐུགས་རྗེ་ལེགས་འབུལ་ཞུས་གནང་སོང་།

སྐབས་དེར་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་དང་། དེ་བཞིན་ཕྱི་དྲིལ་འབྲེལ་མཐུད་པ་བསྟན་འཛིན་དཔལ་འབྱོར་ལགས་བཅས་ནས་ལྷན་བཅར་ཞུས་ཡོད།