༄༅། །བཅའ་ཁྲིམས་དགོངས་དོན་དམིགས་བསལ་ཚོགས་ཆེན་ཐེངས་ ༢ པར་དང་བླངས་ཚོགས་ཞུགས་གནང་ཕྱོགས་གསལ་བསྒྲགས།

ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་བོད་གཞུང་མང་གཉིས་ནས་གདོང་ལེན་གནང་ཕྱོགས་སྐོར་གོ་བསྡུར་གནང་ཆེད་བཀའ་སྤྱི་ལྷན་རྒྱས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་དགོངས་དོན་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ།  ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༩ ཚེས་ ༢༥ ནས་ཚེས་ ༢༨ བར་བསྐོང་ཚོགས་གནང་རྒྱུའི་ཐུགས་གཏན་འཁེལ་བའི་གནས་ཚུལ་གསར་འགོད་ལྷན་ཚོགས་ཐོག་སྔོན་དུ་ཡོངས་བསྒྲགས་སོང་ཟིན་པ་བཞིན། རིང་མིན་ཚོགས་མི་ཡོངས་ལ་ཚོགས་བསྐོང་བརྡ་ཁྱབ་ཞིབ་གསལ་འབུལ་རྒྱུ་ཡིན་པ་དང།

 

དང་བླང་ཚོགས་ཞུགས་གནང་ཕྱོགས།

དམིགས་བསལ་ཚོགས་ཆེན་གྱི་ལས་རིམ་གཏན་འབེབས་ནང་གསལ།  དོན་ཚན་ ༤ པ་ཚོགས་མིའི་ཡོང་ཁུངས་ཀྱི་ནང་གསེས་ (ཕ) རྒྱུན་གཏན་བོད་དོན་ཐོག་ཐུགས་སྣང་དང་འགན་འཁུར་ལས་འགུལ་གནང་མཁན་རྒྱ་བལ་འབྲུག་གསུམ་ནས་མི་གྲངས་ ༣༥ དང།  དེ་མིན་ནས་མི་གྲངས་ ༥༠ ལས་མ་མང་བ་བཅས་བཅར་འཐུས་དང།  དེའི་ནང་ནས་མི་གྲངས་ ༢༥ གཞོན་སྐྱེས་རང་ལོ་ ༣༠ མན་གྱི་ཆེད་ཟུར་བཅད་གནང་རྒྱུ་བཅས་གསལ་བ་ལྟར་དང།

ནང་གསེས་ (ཕ) པའི་འོག་གི་མཆན།  ༡༽  རྒྱ་བལ་འབྲུག་གསུམ་ལ་དང་བླངས་ཞབས་སྟེགས་ ༣༥ ཡོད་ཁོངས་ནས་ཟུར་འཛར་དང་པོའི་ནང་མེད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཆེད་དུ་ཟུར་བཅད་བྱ་རྒྱུ།  དེ་ཡང་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༤ ཚེས་ ༡༦ ཉིན་གུང་བར་སྙན་ཞུ་འབྱོར་ཟིན་ཁག་ཅེས་གསལ་ཐད།  ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༦ ཚེས་ ༢ ཉིན་བཀའ་སྤྱི་ལྷན་ཚོགས་ཐོག་བཀའ་བསྡུར་གནང་བའི་མཐའ་དོན།  དམིགས་བསལ་ཚོགས་ཆེན་ཐད་ཆབ་སྲིད་ཀྱི་གནད་དོན་གལ་ཆེས་མཚོན་གྲོས་གཞི་བྱེ་བྲག་པའི་ཐོག་གྲོས་བསྡུར་གནང་གི་ཡོད་སྟབས་དེའི་ཚོགས་མིའི་ཡོང་ཁུངས་ཀྱང་མི་འདྲ་བས།  སྙན་ཞུ་འབྱོར་ཁག་ནས་བལ་ཡུལ་སྤོག་ར་གློ་སྒྲིག་བདེ་དོན་ཚོགས་པར་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ཞབས་སྟེགས་གཅིག་སྲི་ཞུའི་ཚོགས་ཆེན་སྐབས་ཀྱི་གནས་སྟངས་སྔར་རྒྱུན་ལྟར་གནང་རྒྱུ་དང།  ཇོ་ནང་པར་དམིགས་བསལ་ཐོག་སྐུ་ཚབ་གཅིག་གི་ཞབས་སྟེགས་འབུལ་རྒྱུ་བཅས་གཏན་འབེབས་གནང་ཞིང།  དེ་མིན་ངོས་བཞེས་གནང་རྒྱུ་མིན་པའི་ཐག་གཅོད་གནང།

དང་བླངས་ཚོགས་མིའི་ཁོངས་འཛུལ་ཞུགས་ཐད།   ཕྱི་ལོ་ ༢༠༡༢  ཕྱི་ཟླ་  ༦ ཚེས་ ༡༥ ནས་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༧ ཚེས་ ༣༡ བར་སྙན་ཞུ་ཇི་འབྱོར་ཆ་ཚང་རིམ་གསོག་གིས་མཐར་རྒྱན་སྐྱུར་གྱི་ལམ་ནས་གཏན་འཁེལ་བྱུང་བ་རྣམས་ལ་ཚོགས་བརྡ་འབུལ་རྒྱུ།

 

ཐུགས་སྣང་ངེས་པར་དགོས་གལ།

  • ༡        དང་བླངས་ཚོགས་ཞུགས་པ་རྣམས་ངེས་པར་དུ་དང་བླངས་དཔྱ་ཁྲལ་གཙང་འབུལ་གནང་མཁན་ཡིན་དགོས།
  • ༢        དེའི་ཕྱིར་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་གྲངས་ ༡,༣ དང།  ད་བར་དཔྱ་ཁྲལ་ཆ་ཚང་སྒྲུབ་འབུལ་ཟིན་པའི་རྟགས་ཐེལ་འཁོད་པའི་ཤོག་ངོས་ཀྱི་པར་བཤུས།
  • ༣       ཡང་ན་ས་གནས་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་ངམ།  འབྲེལ་ཡོད་དཔྱ་ཁྲལ་བསྡུ་མཁན་གྱི་ཚོགས་པའམ།  སྡེ་ཚན་ནས་དཔྱ་ཁྲལ་ཆ་ཚང་གཙང་འབུལ་ཟིན་པའི་ངོས་སྦྱོར་བཅས་གང་རུང་སྙན་ཞུའི་མཉམ་ངེས་འབུལ་དགོས་རྒྱུ།
  • ༤       དང་བླངས་ཚོགས་ཞུགས་ཀྱི་ཞུ་སྙན་རྣམས་ཡིག་ཐོག་སྦྲགས་བརྒྱུད་དམ།  གློག་འཕྲིན་ E-mail ལག་བརྒྱུད། Fax  བརྒྱུད་བཅས་གང་རུང་ཐོག་འབུལ་དགོས།

སྤྱི་ལྷན་ཚོགས་དྲུང་ལས་ཁུངས་སུ་ E-mail དང་།  Fax བརྒྱུད་ཞུ་སྙན་འབུལ་གཏོང་གནང་རྒྱུ་ཡིན་ཚེ་དེ་དག་གི་ཞལ་བྱང་དང།  ཨང་གྲངས་གཤམ་གསལ།

Email# [email protected]

Fax# 01892-224593

  • ༥        ཞལ་པར་ཐོག་དང་བླངས་ཚོགས་ཞུགས་གནང་རྒྱུའི་འབྲེལ་བ་བྱུང་རིགས་ཚོགས་ཞུགས་ཀྱི་རྒྱན་ཁོངས་འཇུག་རྒྱུ་མིན་པ་བཅས་དང།
  • ༦       དང་བླངས་ཚོགས་མིའི་ཁོངས་ཚུད་ཚེ་ཚོགས་བརྡ་འབུལ་རྒྱུས་མཚོན་འབྲེལ་ལམ་ཞུ་བདེའི་ཆེད།  ད་ལམ་ཚོགས་ཞུགས་ཞུ་སྙན་མཉམ་དོ་བདག་སོ་སོར་འབྲེལ་བ་བྱ་ཡུལ་ཞལ་བྱང་དང།  E-mail ཞལ་བྱང།  ཞལ་པར་ཨང་གྲངས་བཅས་ངེས་པར་གཏོང་གནང་དགོས་རྒྱུ་བཅས་ཕེབས་འདུག་པ་དེ་དོན་དགོངས་འཇགས་ཞུ།  ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༦ ཚེས་ ༡༡ ལ།།
Menu