ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༡༢ པའི་ཚེས་ ༥ ཉིན་གྱི་དགོང་དྲོར་ལྷོ་ཨ་ཧྤི་རི་ཁའི་རང་དབང་འཐབ་རྩོད་པ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྷོ་ཨ་ཧྤི་རི་ཀའི་སྲིད་འཛིན་ཟུར་པ་ནེལ་སིན་མན་ཌ་ལཱ་མཆོག་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ལྷོ་ཨ་ཧྤི་རི་ཁའི་སྲིད་འཛིན་མཆོག་དང་། འདས་པོ་ཁོང་གི་སྐུ་ཟླས་གཙོས་ནང་མི་གཉེན་ཉེ་ལྟོས་བཅས་ལ་གདུང་སེམས་མཉམ་ བསྐྱེད་ཀྱི་ཐུགས་གསོའི་འཚམས་འཕྲིན་རེ་ཕུལ་ཡོད་པ་རེད།
ཁོང་ནི་ཕྱི་ལོ་ ༡༩༡༨ ཟླ་ ༧ ཚེས་ ༡༨ ཉིན་སྐུ་འཁྲུངས་ཤིང་། ལྷོ་ཨ་ཧྥི་རི་ཀའི་ནང་མི་རིགས་དབྱེ་འབྱེད་ཀྱི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་ ཞི་རྒོལ་འཐབ་རྩོད་གནང་སྟེ་སྔ་རྗེས་བསྡོམས་ལོ་ངོ་ ༢༧ རིང་བཙོན་ཁང་དུ་བཞུགས་དགོས་བྱུང་། ཕྱི་ལོ་ ༡༩༩༠ ལོར་ཁོང་གི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་པ་དང་། ཕྱི་ལོ་ ༡༩༩༣ ལོའི་འཛམ་གླིང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱང་ཁོང་ལ་ཕུལ་ཡོད། ཕྱི་ལོ་ ༡༩༩༤ ལོར་མི་མང་གིས་འོས་འདེམས་བྱས་ཏེ་ལྷོ་ཨ་ཧྥི་རི་ཁའི་སྲིད་འཛིན་གནང་བ་དང་། ཕྱི་ལོ་ ༡༩༩༩ ལོར་བགྲེས་ཡོལ་ལ་ཕེབས།
ཁོང་ནི་ལོ་རྒྱུས་ཐོག་མི་རིགས་ནག་པོས་ལྷོ་ཨ་ཧྤི་རི་ཀའི་སྲིད་འཛིན་གནང་ མཁན་ཐོག་མ་དང་། རླབས་ཆེན་གྱི་ཞི་བདེའི་དབུ་འཁྲིད། རང་དབང་འཐབ་རྩོད་ཀྱི་མིག་དཔེ་བལྟ་ཡུལ་གྱི་སྐྱེས་བུ་ཁྱད་པར་བ་ཞིག་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་ཉེ་པོ་ཡོད་མཁན་ཞིག་བཅས་ཡིན།།