༄༅། །དཔལ་རྒྱལ་བ་ཇོ་ནང་པའི་ཆོས་བརྒྱུད་ཀྱི་བསྟན་བདག་སྐྱབས་རྗེ་ཁལ་ཁ་རྗེ་བཙུན་དམ་པ་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་གཤེགས་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་དམ་པ་དེ་ཉིད་ཀྱི་བླ་བྲང་སོགས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐུགས་གསོའི་འཚམས་འདྲི་ཕུལ་བ།

༄༅། །དཔལ་རྒྱལ་བ་ཇོ་ནང་བསྟན་པའི་མངའ་བདག་༸སྐྱབས་རྗེ་ཁལ་ཁ་རྗེ་བཙུན་དམ་པ་དེ་ཉིད་མཆོག་གི་བླ་བྲང་དང། དགོན་སྡེ་ཁག  ཇོ་ནང་འགྲོ་ཕན་ལྷན་ཚོགས་བཅས་ལྷན་རྒྱས་རིན་པོ་ཆེར།

ཆེད་ཞུ།      དཔལ་རྒྱལ་བ་ཇོ་ནང་བསྟན་པའི་མངའ་བདག་ཁལ་ཁ་རྗེ་བཙུན་དམ་པ་འཇམ་དཔལ་རྣམ་གྲོལ་ཆོས་ཀྱི་རྒྱལ་མཚན་མཆོག་དགོངས་པ་གཞན་དོན་དུ་གཤེགས་ཚུལ་བསྟན་པ་འདི་ནི་བསྟན་སྲིད་སྤྱི་དང།  ཡང་སྒོས་ཇོ་ནང་པའི་བསྟན་པར་ཤིན་ཏུ་ཕངས་པའི་ཡིད་སྐྱོའི་གནས་ཚུལ་ལ་སོང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡིད་གདུང་དྲག་པོ་བྱུང་ཞིང།  ཇོ་ནང་རྗེ་བཙུན་ཀུན་དགའ་རྣམ་གྲོལ་མཆོག་གི་སྐུ་ཕྲེང་བཅུ་གཅིག་པ་ཁལ་ཁ་རིན་པོ་ཆེ་འཇམ་དཔལ་རྣམ་གྲོལ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་ནི་ཕྱི་ལོ་ ༡༩༣༢ ལོར་སྐུ་འཁྲུངས་ཤིང། ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་བཅུ་པའི་ཡང་སྤྲུལ་དུ་ངོས་འཛིན་མཛད་དེ། འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་རྭ་སྒྲེང་རིན་པོ་ཆེ་སོགས་རྩ་བའི་ཡོངས་འཛིན་དུ་བསྟེན་ཏེ་མདོ་ཕྱོགས་ཀྱི་གཞུང་ཆེན་ཁག་ལ་སློབ་གཉེར་ཕུལ་ཕྱིན་མཛད། དགུང་གྲངས་ ༢༡ ཐོག་རང་ཉིད་ཀྱི་གདན་ས་རྟག་བརྟན་ཆོས་སྡེར་ཞབས་སོར་འཁོད་ཅིང། འདིའི་དུས་སུ་ཇོ་ནང་པའི་རྣལ་འབྱོར་བ་ཞིག་དང་མཉམ་དུ་ཇོ་ལུགས་དཔལ་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་མི་མངོན་པའི་ཚུལ་དུ་ཉམས་བཞེས་མཛད། ཕྱིས་སུ་དུས་འགྱུར་གྱི་དབང་གིས་འཕགས་ཡུལ་དུ་ཕེབས་ཏེ་གནས་ངེས་མེད་དུ་བཞུགས། ཁྱད་པར་བླ་མ་ཀ་ལུ་རིན་པོ་ཆེའི་མདུན་ནས་ཇོ་ནང་དང་ཤངས་པའི་ཆོས་སྐོར་མཐོང་བ་དོན་བརྒྱུད་ཀྱི་ཉམས་ལེན་བདག་གིར་བཞེས། ༸གོང་ས་ཐམས་ཅད་མཁྱེན་པ་མཆོག་གིས་གཞུང་འབྲེལ་ཁྲི་འདོན་མཛད་སྒོ་བྱེད་དགོས་ཞེས་བཀའ་བསྩལ་བ་དང། སོག་པོའི་སྲིད་འཛིན་སོགས་ཆེས་མཐོའི་དཔོན་རིགས་ཁག་དང་སེར་སྐྱ་མི་མང་གི་རེ་འདུན་ལྟར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཁྲི་འདོན་གྱི་མཛད་སྒོ་རྒྱ་ཆེར་སྤེལ། ཕྱི་ལོ་ ༡༩༩༧ ལོར་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གིས་དཔལ་རྒྱལ་བ་ཇོ་ནང་པའི་བསྟན་པའི་བདག་པོར་མངའ་གསོལ་མཛད། ལོ་དེར་༸གོང་ས་མཆོག་གིས་དཔལ་ཇོ་ནང་པའི་ངེས་དོན་གྱི་བསྟན་པ་སླར་གསོའི་ཆེད་སིམ་ལ་སངས་རྒྱས་ཆོས་གླིང་ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་ཞེས་པར་མཚན་གསོལ་ཏེ། དགོན་གནས་རྟེན་དང་བརྟེན་པ་བཅས་གནང། དེ་ནས་སོག་ཡུལ་དུ་ཕེབས་ཏེ་གསེར་ཁྲིར་མངའ་གསོལ་མཛད་དེ་མཛད་འཕྲིན་རྒྱ་ཆེར་བསྐྱངས། ༸གོང་ས་མཆོག་གི་བཀའ་དགོངས་ལྟར་ཕྱི་ལོ་ ༢༠༡༡ ལོར་སོག་ཡུལ་དུ་ཕེབས། སོག་པོའི་གཞུང་ངོས་ནས་སོག་རྒྱལ་ཁབ་ཀྱི་ཆོས་ཀྱི་དབུ་འཛིན་དུ་མངའ་གསོལ་མཛད་པ་བཞིན་བདག་གིར་བཞེས་ཏེ་བསྟན་འགྲོའི་དོན་རྒྱ་ཆེར་སྤེལ་གནང་མཛད་པ་བཅས། དམ་པ་དེ་ཉིད་དགོངས་པ་ཆོས་དབྱིངས་སུ་གཤེགས་ཚུལ་བསྟན་པ་འདིས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང། ཁྱད་པར་གང་གི་སྐྱོང་ཡུལ་རྣམས་ལ་གོད་ཆག་ཆེན་པོ་བྱུང་བ་ནི་བརྗོད་མ་དགོས་པ་ཞིག་ཡིན། དེར་བརྟེན་ཞིང་གཤེགས་དམ་པའི་བླ་བྲང་དང། འབྲེལ་ཡོད་དགོན་སྡེ་ཁག སློབ་མ། ལས་སྣེ་སྐུ་འཁོར་བཅས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཡིད་གདུང་དྲག་པོས་ཐུགས་གསོའི་འཚམས་འདྲི་ཞུ་རྒྱུ་དང། མགོན་པོ་གང་གི་ཐུགས་དགོངས་ཟབ་མོ་རྣམས་ཡོངས་སུ་རྫོགས་ཤིང། སླར་ཡང་བསྟན་འགྲོའི་མགོན་དཔུང་དམ་པར་ཡང་སྲིད་མཆོག་སྤྲུལ་མྱུར་དུ་འབྱོན་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ།   བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢ ལ་

ཕུལ།།

Menu