དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་ཁང་ཚན་ནང་ཁུལ་རྒྱུག་མཆོང་འཕེན་གསུམ་གྱི་རྩེད་འགྲན་ཐེངས་ ༢༠ པའི་ཐོག་སྐུ་མགྲོན་དུ་ཕེབས་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༦ ཉིན་རྡ་སའི་ཉེ་འདབས་སུ་ཆགས་པའི་གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་ཁང་ཚན་ནང་ཁུལ་རྒྱུག་མཆོང་འཕེན་གསུམ་གྱི་རྩེད་འགྲན་ཐེངས་ ༢༠ པ་ཚོགས་གནང་སོང་།

དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་ཤན་ཏ་ཀུ་མར་ (Shri.Shanta Kumar) མཆོག་དང་། ཆེད་འབོད་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག དེ་བཞིན་རྡ་ས་ས་གནས་འགོ་འཛིན་དང་། བོད་ཁྱིམ་སློབ་གྲྭའི་སྤྱི་ཁྱབ་འགན་འཛིན། བོད་ཁྱིམ་སློབ་གྲྭ་ཁག་གི་འགན་འཛིན་དང་། ཕྱི་རྒྱལ་གྱི་སྦྱིན་བདག་ཁག་ཅིག གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་དགེ་ལས། སློབ་ཕྲུག ས་གནས་མི་མང་བཅས་ཚང་འཛོམས་ཐོག་གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་ཁང་ཚན་ནང་ཁུལ་རྒྱུག་མཆོང་འཕེན་གསུམ་གྱི་རྩེད་འགྲན་ཐེངས་ ༢༠ པའི་དབུ་འབྱེད་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་སློབ་ཕྲུག་རྣམས་ནས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་གླུ་གཞས་གཟིགས་འབུལ་ཞུས་གནང་རྗེས། འཛིན་གྲྭ་ནང་ཁུལ་གྱི་གུས་འདུད་རུ་སྒྲིག་ཞུས་གནང་སོང་།

དེ་རྗེས་གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་ངེས་སྟོན་པ་སྐལ་བཟང་ཕུན་ཚོགས་ལགས་ཀྱིས་འཚམས་འདྲིའི་གསུང་བཤད་གནང་གྲུབ་མཚམས། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། སྐུ་ཞབས་ཤན་ཏ་ཀུ་མར་མཆོག་ལྟ་བུར་མཚོན་ན། རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་བཙན་འཛུལ་བྱས་པའི་རྗེས་ང་ཚོ་རྒྱ་གར་ལ་བཙན་བྱོལ་དུ་སླེབས་པའི་གནས་སྟངས་དང་། སྦིར་ཅོན་ཏ་ར་དང་། བཀྲ་ཤིས་ལྗོངས་གཡས་གཡོན་གྱི་བོད་པ་སྡོད་སའི་གནས་སྟངས་ཡོངས་རྫོགས་མཁྱེན་མཁན་ཞིག་དང་། ལྷག་པར་དུ་ཁོང་གིས་ཕྱི་ལོ་ ༡༩༦༥ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཆུང་ལ་ཆེད་བཅར་གྱིས་མཇལ་ཁ་ཞུས་གནང་རྗེས། ཧི་མཱ་ལ་ཡའི་སྟེང་གི་གྲིབ་གཟུགས་དམར་པོ། (Red Shadow over the Himalayas) ཞེས་པའི་དཔེ་དེབ་ཅིག་ལྗགས་རྩོམ་གནང་སྟེ་དཔར་བསྐྲུན་གནང་ཡོད་པ་དང་། དེའི་སྐབས་རྒྱ་ནག་དམར་པོའི་གཞུང་གིས་འགོག་རྐྱེན་སྣ་ཚོགས་བཟོས་ཡོད་ཀྱང་། ཁོང་གིས་བློ་སྟོབས་ཆེན་པོས་དཔེ་དེབ་དེ་དཔར་བསྐྲུན་གནང་ཡོད་པ་མ་ཟད། ཉེ་ཆར་ཁོང་གིས་དཔེ་དེབ་དེའི་ནང་འདས་པའི་ལོ་མང་རིང་གི་རྒྱ་དཀར་ནག་གཉིས་ཀྱི་གནས་བབ་དང་། བཙན་བྱོལ་ནང་གི་བོད་མིའི་གནས་བབ་སོགས་ཚུད་པའི་ཐོག་བསྐྱར་དུ་༧གོང་ས་མཆོག་གིས་བྱིན་རླབས་ཐོབ་པའི་ཐོག་གཙུག་ལག་ཁང་དུ་དབུ་འབྱེད་གནང་ཡོད།

ཁོ་རང་བོད་པའི་རྩ་དོན་ཐོག་དངོས་གནས་ཁ་ཞེ་གཉིས་མེད་ཀྱིས་ནང་མི་ལྟ་བུའི་རྒྱབ་སྐྱོར་གནང་མཁན་ཞིག་རེད། གོང་དུ་གོ་པལ་པུར་སློབ་གྲྭའི་ངེས་སྟོན་པས་སྐུ་ཞབས་ཁོང་ཐེངས་མང་གདན་འདྲེན་ཞུ་རྒྱུའི་འབད་བརྩོན་གནང་ཡོད་ཀྱང་། སྐུ་ཞབས་ཁོང་ལ་མཛད་འཆར་མང་བའི་རྐྱེན་གྱིས་ཕེབས་ཐུབ་མ་སོང་ཞེས་གསུངས་སོང་། ཡིན་ནའང་དེ་རིང་མཛད་སྒོའི་ཐོག་ཕེབས་གནང་ཐུབ་པ་ཡག་པོ་ཞེ་དྲག་བྱུང་འདུག   ལྷག་པར་སྐུ་ཞབས་ཤན་ཏ་ཀུ་མར་མཆོག་གིས་འདས་པའི་ལོ་མང་པོ་ཞིག་གི་རིང་སྲིད་དོན་ཚོགས་པ་སྣ་ཚོགས་ལས་གྲུབ་པའི་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་སྣེ་འཁྲིད་དེ་བོད་པའི་འཐབ་རྩོད་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གཞིར་བཟུང་ངག་གཅིག་དང་། མགྲིན་གཅིག་གི་ཐོག་ནུས་ལྡན་གྱིས་རྒྱབ་སྐྱོར་གནང་ཡོད་པ་དང་། ཁོང་ལྟ་བུ་དེ་རིང་འདིར་ཕེབས་ཀྱི་ཡོད་ཙང་། ང་རང་འདིར་བཅར་རྒྱུའི་གོ་སྐབས་བྱུང་བ་དེ་བསོད་ནམས་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།

རྩ་བའི་རྩེད་འགྲན་ཐོག་གཞི་རྩའི་གཏམ་བཤད་རིང་པོ་དང་། གསུང་བཤད་ཀྱི་རིམ་པ་མང་པོ་ཞིག་གནང་རྒྱུའི་ལམ་ལུགས་ཡོད་མ་རེད། ཡིན་ནའང་དེ་རིང་འདིར་འབྱོར་ཐོ་བརྒྱབ་རྒྱུ་ཙམ་མིན་པར། གནད་དོན་ཁ་ཤས་ཀྱི་ཐོག་ཞུས་ན་བསམ་བྱུང་། འདི་ལོ་འཛིན་སྐྱོང་བཀའ་ཤག་ནས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་གི་ཡོད་པ་ལྟར། དེ་རིང་སློབ་གྲྭ་ནས་རྩེད་འགྲན་མཉམ་དུ་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་གི་ཡོད་ཙང་། ཚིག་ཁ་ཤས་ཤིག་རྣམ་པ་ཚོར་ཐུགས་ཕན་གསོ་རྒྱུའི་ཆེད་ཞུ་རྒྱུའི་འབད་བརྩོན་ཞུ་གི་ཡིན། དེང་སང་བརྒྱུད་ལམ་སྣ་ཚོགས་ཡོད་ཙང་། རྣམ་པ་ཚོས་མཁྱེན་གསལ་རེད། འཛམ་གླིང་གི་ཆེས་མཐོའི་མི་སྣ་མང་དག་ཅིག་རྡ་ས་བཞུགས་སྒར་དུ་༧གོང་ས་མཆོག་མཇལ་ཁ་ཞུ་རྒྱུ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་གནང་བར་ཕེབས་ཀྱི་ཡོད་རེད། ཉེ་ཆར་ཨིན་ཇིའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་། ཨ་རིའི་གྲོས་ཚོགས་འཐུས་མིིའི་ལས་བྱེད་ཁག་ཅིག་ཕེབས་ཡོད་པ་རེད། ཁོང་ཚོར་ང་ཚོས་བོད་པའི་གནས་ཚུལ་ཞུས་པ་དང་སྦྲགས་བོད་དོན་ཞུ་སྐུལ་གནང་ཡོད་པ་རེད། ང་ཚོ་བཙན་བྱོལ་ནང་བསྡད་ནས་ལོ་ངོ་ ༥༩ ཟིན་པ་དང་། ལོ་ངོ་ ༦༠ ལ་ཉེ་བའི་སྐབས་འདིར་བོད་པའི་འཐབ་རྩོད་སྣེ་འཁྲིད་མཁན་བརྒྱ་ཆ་དགུ་ཅུ་གོ་དགུ་བོད་པའི་མི་རབས་གསུམ་པ་ཆགས་ཀྱི་ཡོད་པ་རེད། དེ་རིང་དཀྱིལ་འཁོར་འདིའི་ནང་འཛོམས་པའི་སྣེ་འཁྲིད་མཁན་གྱི་མི་སྣ་རྣམས་ལ་ཆ་བཞག་ནའང་། ཧ་ལམ་བོད་པའི་མི་ཐོག་གསུམ་པ་ཆགས་ཀྱི་ཡོད་པ་ཚང་མས་མཁྱེན་གསལ་རེད།

རྩ་བའི་དེ་རིང་རྣམ་པ་ཚོ་སློབ་གྲྭའི་རྩེད་འགྲན་དབུ་འཛུགས་གནང་སྟེ་ལོ་ངོ་ ༢༠ འཁོར་གྱི་ཡོད་པ་དང་། ཕྱི་ཚེས་ ༤ ནས་སྔོན་འགྲོའི་རྩེད་འགྲན་གནང་ནས་དེ་རིང་མཐའ་མའི་རྩེད་འགྲན་ཞིག་ཆགས་ཀྱི་ཡོད་རེད། སྤྱིར་འཛམ་གླིང་འདིའི་ནང་རྩེད་རིགས་ལ་དབྱེ་ན། ཕྱིའི་རྩེད་མོ་དང་། ནང་གི་རྩེད་མོ་ཞེས་གཉིས་སུ་ཕྱེ་བ་དང་། ནང་གི་རྩེད་མོ་ལའང་ཁག་གཉིས་སུ་དབྱེ་བ་འབྱེད་ཀྱི་ཡོད།  དེ་རིང་རྒྱུག་མཆོང་འཕེན་གསུམ་གྱི་འགྲན་བསྡུར་དེ་རིགས་ཕྱིའི་རྩེད་མོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོས་རྩེད་འགྲན་དེ་དག་འགྲན་བསྡུར་གཅིག་པུའི་ངོ་བོ་ཙམ་མ་ཡིན་པར། དེའི་རྒྱབ་ལྗོངས་ལོ་རྒྱུས་ཤེས་དགོས་པ་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། སྤྱིར་རྩེད་འགྲན་དེ་དག་ང་ཚོའི་རིག་གནས་མིན་པ་དང་། ནུབ་ཕྱོགས་པའི་རྒྱལ་ཁབ་སོ་སོའི་ཐུན་མོང་མ་ཡིན་པའི་རྩེད་མོ་མི་འདྲ་བ་རྣམས་གཟེངས་སུ་ཐོན་ནས། ད་ལྟ་འཛམ་གླིང་ཡོངས་ཁྱབ་ཀྱི་རྩེད་རིགས་ཤིག་ཆགས་ཡོད། ང་ཚོས་ལད་བཟློས་འདྲ་པོ་བྱེད་བཞིན་ཡོད་པ་སོང་ཙང་། དེ་ལད་བཟློས་བྱེད་པའི་སྐབས་དེའི་རྒྱབ་ལྗོངས་རིག་གནས་དེ་ཚོ་ལའང་དོ་སྣང་སྤྲོད་དགོས་པ་གལ་ཆེན་པོ་རེད། དེང་སང་སློབ་གྲྭའི་ནང་ལུས་རྩལ་དགེ་རྒན་མང་པོ་ཐོན་གྱི་མི་འདུག་ཅེས་གསུང་བཞིན་ཡོད་པ་དང་། གལ་ཏེ་སློབ་གྲྭའི་ནང་རྩེད་རིགས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་སོགས་འཁྲིད་ཐུབ་པ་ཡིན་ན་སློབ་ཕྲུག་རྣམས་རྩེད་རིགས་མཐོ་སློབ་ནང་འཛུལ་ཞུགས་གནང་མཁན་མང་དུ་འགྲོ་རྒྱུའི་རེ་བ་ཡོད་རེད་ཅེས་ཞུ་འདོད་བྱུང་།

རྩ་བའི་རྩེད་མོའི་རང་བཞིན་དང་། ཁྱད་ཆོས། ངོ་བོ་ཚང་མས་ཤེས་གསལ་རེད། དེང་སང་རྩེད་རིགས་དེ་འགྲན་བསྡུར་གྱི་ངོ་བོ་འདྲ་པོ་ཆགས་པ་རེད་མ་གཏོགས། རྩེད་རིགས་ཐོག་མར་ཧི་དི་ལར་ (Hitler) གྱི་སྐབས་སུ་དམག་འཁྲུག་མང་པོ་བྱུང་བའི་རྐྱེན་གྱིས། མི་རྣམས་འུ་ཐུག་དང་སུན་སྣང་དྲག་པོ་སྐྱེས་པར་བརྟེན་དམག་ནས་ངལ་གསོ་དང་སེམས་པ་གུ་ཡངས་པོ་ཡོང་ཐབས་སུ་དབྱར་ཁའི་རྩེད་མོ་དང་། དགུན་ཁའི་རྩེད་མོ་ཞེས་འགོ་བཙུགས་ཞུས་ནས་བྱུང་བ་ཞིག་རེད། ཡིན་ནའང་དེང་སང་སློབ་གྲྭའི་ནང་རྩེད་རིགས་དེ་ཚོ་སློབ་ཚན་གཅིག་གི་ཆ་ཤས་ཐོག་ནས་གོ་སྒྲིག་ཞུ་བཞིན་ཡོད། དེ་འདྲ་ཡིན་ཙང་རྩེད་མོ་དེ་དག་གི་རྒྱབ་ལྗོངས་ལོ་རྒྱུས་རྣམས་སློབ་གྲྭའི་ནང་སློབ་འཁྲིད་གནང་ཐུབ་པ་ཡིན་ན་ཡག་པོ་ཞེ་དྲག་ཡོད་རེད་ཅེས་ཞུ་རྒྱུ་ཡིན། དེ་བཞིན་སློབ་གྲྭའི་ནང་ཕྱིའི་རྩེད་མོ་ཙམ་མིན་པར། ནང་གི་རྩེད་མོ་ (Chess) ལྟ་བུ་འགྲན་བསྡུར་ཞུ་དགོས་རྒྱུ་གལ་ཆེན་པོ་རེད།

རྣམ་པ་ཚོ་ལོ་ ༡༢ རིང་སློབ་གྲྭའི་ནང་བོད་ཀྱི་རིག་གཞུང་དང་། དེང་དུས་ཤེས་ཡོན་སློབ་སྦྱོང་བྱས་པའི་རྗེས། གལ་ཆེ་ཤོས་དེ་༧གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་། རྒྱ་གར་དབུས་སའི་གཞུང་མང་གཉིས་ཀྱི་བཀའ་དྲིན་རྟག་ཏུ་དྲན་དགོས་པ་གལ་ཆེན་པོ་རེད། རྣམ་པ་ཚོ་སློབ་གྲྭ་ཐོན་པའི་རྗེས་རིག་གཞུང་གཞས་སྣ་འཁྲབ་ཆོག་ཆོག རྩེད་རིགས་འགྲན་བསྡུར་ནང་འཛུལ་ཞུགས་བྱེད་ཆོག་ཆོག་ཡོད་པ་སློབ་གྲྭའི་ནང་རྨང་གཞི་གཏིང་བ་ལས་བྱུང་བ་མ་བརྗེད་པའི་ཐོག་བཀའ་དྲིན་ཚོར་དགོས། དེ་བཞིན་སློབ་གྲྭའི་དགེ་ལས་རྣམས་ཀྱིས་སློབ་ཕྲུག་ཚོར་རིག་གཞུང་འཁྲབ་སྟོན་དང་། རྩེད་རིགས་སོགས་ཀྱི་གོ་སྐབས་ཆ་ཚང་སྤྲད་དགོས་པའང་གལ་ཆེན་པོ་རེད། ཉེ་ཆར་བོད་པའི་བུད་མེད་གཅིག་ལ་རྒྱལ་སྤྱིའི་ཁུ་ཚུར་འགྲན་བསྡུར་ནང་བྱ་དགའ་ཐོབ་ཡོད་པ་དང་། དེ་བཞིན་བོད་པའི་བུ་ཞིག་ལ་རྒྱ་གར་གྱི་གཞས་སྣ་འཁྲབ་སྟོན་ཐོག་བྱ་དགའ་ཐོབ་པ། བོད་ནང་མཚོན་ནའང་། རྒྱ་ནག་དམར་པོའི་གཞུང་གིས་མནར་གཅོད་འོག་ཡོད་ཀྱང་། བོད་པའི་བུད་མེད་གཅིག་ལ་རྒྱལ་སྤྱིའི་ཨོ་ལོམ་པིག་རྩེད་འགྲན་དང་། ཨེ་ཤི་ཡའི་རྩེད་འགྲན་ཁྲོད་བྱ་དགའ་ཐོབ་ཡོད། བྱས་ཙང་སློབ་ཕྲུག་ཚང་མས་གོ་སྐབས་བཟང་པོ་རྣམས་ཆུད་ཟོས་སུ་མི་འགྲོ་བ་བྱེད་དགོས་རེད་ཅེས་གསུང་བཤད་གནང་གྲུབ་མཚམས། སློབ་གྲྭའི་སློབ་སྤྱིས་ཆེད་འབོད་སྐུ་མགྲོན་དཔལ་ལྡན་ཚོགས་གཞོན་མཆོག་ལ་དྲན་རྟེན་ཕྱག་རྟགས་ཕུལ་གནང་།

དེ་རྗེས་མཛད་སྒོའི་སྐུ་མགྲོན་གཙོ་བོ་མཆོག་གིས་སློབ་གྲྭའི་སྤྱི་ཁྱབ་རྒན་བདག་གཉིས་ལ་བཟང་པོ་གསུམ་ལྡན་གྱི་ཕྱག་འཁྱེར་གནང་གྲུབ་མཚམས། སྐུ་མགྲོན་གཙོ་བོ་མཆོག་གིས་བཀའ་སློབ་གནང་དོན། མི་བཟང་པོ་ཞིག་ཆགས་ཐུབ་དགོས་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་ཡིན་པ་དང་། སློབ་གྲྭའི་ཡིག་རྒྱུགས་གྲུབ་འབྲས་མཐོན་པོ་ཐོབ་མ་ཐོབ་གལ་ཆེན་པོ་མ་རེད། ང་རང་༧གོང་ས་མཆོག་ལན་མང་མཇལ་མྱོང་ཡོད་པ་དང་། བོད་པའི་འཐབ་རྩོད་ཐོག་མུ་མཐུད་རྒྱབ་སྐྱོར་གནང་བཞིན་ཡོད། ལྷག་པར་དུ་ངས་བོད་རྒྱ་ནག་དམར་པོའི་གཞུང་གིས་བཙན་འཛུལ་བྱས་རྗེས། བོད་ཀྱི་གནད་དོན་དང་འབྲེལ་བའི་དེབ་ཅིག་བྲིས་པ་ཡིན།

དེ་རིང་ངོས་ནས་སློབ་གྲྭར་ཧིན་སྒོར་འབུམ་ལྔ་ཞལ་འདེབས་འབུལ་རྒྱུ་ཡིན་པ་དང་། དེས་སློབ་གྲྭའི་ལས་དོན་ལ་ཕན་ཐོགས་ཡོང་རྒྱུའི་རེ་བ་ཞུ་བཞིན་ཡོད་ཅེས་སོགས་གསུངས་གྲུབ་མཚམས། སློབ་གྲྭའི་ངེས་སྟོན་པ་སྐལ་བཟང་ཕུན་ཚོགས་ལགས་ཀྱིས་ཁོང་ལ་དྲན་རྟེན་ཕྱག་རྟགས་ཕུལ་གནང་རྗེས། ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སོང་། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་ཐེངས་འདིའི་གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་ཁང་ཚན་ནང་ཁུལ་རྒྱུག་མཆོང་འཕེན་གསུམ་གྱི་རྩེད་འགྲན་ཐེངས་ ༢༠ པའི་དབུ་འཛུགས་གསལ་བསྒྲགས་གནང་རྗེས། ཁང་ཚན་ནང་ཁུལ་རྒྱུག་མཆོང་འཕེན་གསུམ་གྱི་རྩེད་འགྲན་འགོ་བཙུགས་གནང་སོང་།

ཉིན་རྒྱབ་མཇུག་སྡོམ་མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་གིས་རྩེད་འགྲན་གྱི་བྱ་དགའ་གསོལ་རས་གནང་རྗེས། གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་ཁང་ཚན་ནང་ཁུལ་རྒྱུག་མཆོང་འཕེན་གསུམ་གྱི་རྩེད་འགྲན་ཐེངས་ ༢༠ པའི་མཇུག་སྡོམ་གསལ་བསྒྲགས་གནང་སྟེ། རྩེད་རིགས་འགྲན་བསྡུར་འདི་བཞིན་རྒྱལ་ཁའི་ངང་མཇུག་བསྒྲིལ་ཡོད་པ་དང་། ཐེངས་འདིའི་ཁང་ཚན་ནང་ཁུལ་རྒྱུག་མཆོང་འཕེན་གསུམ་གྱི་རྩེད་འགྲན་ཐེངས་ ༢༠ པའི་ཨང་རིམ་དང་པོ་ཁྲི་སྲོང་ཁང་ཚན་ལ་ཐོབ་སོང་བ་བཅས། །