Posts by དྲྭ་གཉེར་པ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༩ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ནིའུ་ཛི་ལེནྜི་ (New Zealand) གྱི་སྲིད་བློན་ལྕམ་སྐུ་ཇེ་སིན་ཌ་ཨར་ཌེན་ (Jacinda Ardern) མཆོག་གི་

Posts by དྲྭ་གཉེར་པ།


༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༩ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ནིའུ་ཛི་ལེནྜི་ (New Zealand) གྱི་སྲིད་བློན་ལྕམ་སྐུ་ཇེ་སིན་ཌ་ཨར་ཌེན་ (Jacinda Ardern) མཆོག་གི་སྲིད་དོན་ཚོགས་པར་རྒྱལ་ཡོངས་འོས་བསྡུའི་སྐབས་ཚད་མཐོའི་རྒྱལ་ཁ་ཐོབ་སྟེ་ལྕམ་སྐུ་མཆོག་བསྐྱར་དུ་ནིའུ་ཛི་ལེནྜི་རྒྱལ་ཁབ་ཀྱི་སྲིད་བློན་ལ་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་གནང་འདུག

འཚམས་འཕྲིན་ནང་འཁོད་དོན། ཁྱེད་ཀྱིས་སྣེ་འཁྲིད་པའི་ནིའུ་ཛི་ལེནྜི་རྒྱལ་ཁབ་ནི་ད་ལྟའི་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་སྔོན་འགོག་གི་ལས་དོན་ཐད་མིག་དཔེར་འོས་པའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པ་མ་ཟད། ཁྱེད་ཀྱི་རྒྱལ་ཁབ་ནི་དཀའ་ངལ་ཁག་ལ་རྟག་ཏུ་ཞི་བའི་ཐོག་ནས་སེལ་ཐབས་བྱེད་མཁན་ཞིག་ཡིན།

དེར་བརྟེན། ད་རེས་ཁྱེད་ལ་ཚད་མཐོའི་རྒྱལ་ཁ་ཐོབ་པ་དེས་ཁྱེད་ཀྱིས་བྱམས་པ་དང་། རྣམ་དཔྱོད། སྙིང་སྟོབས་བཅས་ལ་གཞིར་བཞག་ནས་རྒྱལ་ཁབ་ཀྱི་འཛིན་སྐྱོང་ཚགས་ཚུད་གནང་བ་དང་། ལྷག་པར་དུ་དཀའ་ངལ་གྱི་དུས་སྐབས་སུ་ཐག་གཅོད་ཡང་དག་གནང་བ་བཅས་ལ་ནིའུ་ཛི་ལེནྜི་མི་མང་གིས་ངོས་འཛིན་གསལ་པོ་གནང་བ་མཚོན་ཐུབ།

ཁྱེད་ཀྱིས་ནིའུ་ཛི་ལེནྜི་སྤྱི་ཚོགས་ནང་ཞི་བདེ་དང་། མཐུན་སྒྲིལ་གོང་མཐོར་གཏོང་རྒྱུར་མི་མང་ལ་སེམས་ཤུགས་སྤར་ཡོད་པ་མ་ཟད། ཁྱེད་ནི་འཛམ་གླིང་ནང་བུད་མེད་མང་པོ་ཞིག་གི་མིག་དཔེ་བལྟ་ས་ཞིག་ཡིན།

ནིའུ་ཛི་ལེནྜི་རྒྱལ་ཁབ་ནང་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐེངས་ཁ་ཤས་གདན་ཞུས་གནང་ཡོད། ནིའུ་ཛི་ལེནྜི་གཞུང་མང་གཉིས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་བརྟན་པོ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཀྱི་གཞུང་དང་། མི་མང་ནས་བོད་ཀྱི་གནད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན། ང་ཚོས་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་རྒྱ་ནག་གཞུང་གི་རྩ་ཁྲིམས་གཞིར་བཟུང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱེད་བཞིན་ཡོད།

ཁྱེད་ཀྱི་མ་འོངས་པའི་ལས་དོན་ཐམས་ཅད་ལམ་ལྷོངས་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས། །