Ambassador of Peace ཞི་བདེའི་སྐུ་ཚབ་སྐུ་ཞབས་ Ravi Kandal ལགས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅། ། ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༡༡ ཉིན་ཨ་རིའི་ནང་རྟེན་གཞི་བྱས་པའི་ kingdom Foundation བཙུགས་མཁན་སྐུ་ཞབས་ Ravi Kandal ལགས་བོད་མིའི་སྒྲིག་འཛུགས་དང་། བོད་པའི་གནས་སྟངས་ཤེས་རྟོགས་སླད་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་གནང་ཡོད།

 དེ་ཡང་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་སྣེ་ལེན་མཇལ་འཕྲད་དང་སྦྲགས། བོད་ཀྱི་ལོ་རྒྱུས་དང་། རྒྱ་ནག་གཞུང་གིས་བོད་བཙན་འཛུལ་བྱས་པའི་སྐོར། རྒྱ་ནག་གཞུང་གི་མཁྲེགས་འཛིན་སྲིད་བྱུས་ཀྱིས་བོད་མི་རྣམས་མི་བཟོད་པར་རང་ལུས་མེར་བསྲེགས་གནང་བཞིན་པའི་སྐོར། དེ་བཞིན་བོད་ཀྱི་ཁོར་ཡུག་གཏོར་སྐྱོན་ཚབས་ཆེ་བཏང་བའི་སྐོར། བོད་ནང་ཆུ་རགས་མང་དག་ཅིག་བཟོ་བཞིན་པའི་ལས་འཆར་གྱིས་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་འཚོ་རྟེན་སོགས་ལ་ཉེན་ཁ་ཡོད་པའི་སྐོར་ལ་གསུངས་གནང་ཡོད་པ་མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། ལས་དོན་གནང་ཕྱོགས་སོགས་ཀྱི་ཐོག་འགྲེལ་བརྗོད་ལྷུག་པོ་གནང་ཡོད།

དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་གྱི་སྐོར་ལ་འགྲེལ་བརྗོད་གནང་བ་དང་ཆབས་ཅིག་བོད་ཀྱི་བདེན་མཐའ་གསལ་ཐབས་སླད་༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་ཞི་བའི་ཐོག་ནས་གྲོས་མོལ་གནང་གལ་ཆེན་པོ་ཡིན་པ་སོགས་ཀྱི་སྐོར་གསུངས་གནང་རྗེས། སྐུ་ཞབས་ཁོང་གི་དྲི་བ་ཁག་ལ་དཔལ་ལྡན་ཚོགས་གཞོན་མཆོག་ནས་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ། །

Menu