མིང༌། ལྷ་རོང་།
ཆུང་དུས་བོད་ནས་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ཏེ་ཐོག་མར་མ་སུ་རི་བོད་ཕྲུག་ཁྱིམ་སྡེ་དང་དེའི་ཡན་ལག་རཱཇ་པུར་བོད་ཁྱིམ་སློབ་གྲྭའི་ནང་འཚར་ལོངས་བྱུང་ཞིང་། འཛིན་རིམ་ ༨ ནས་ ༡༢ བར་སློབ་གྲྭའི་སྤྱི་ཁྱབ་རྒན་བདག་དང་ཁང་ཚན་རྒན་བདག་སོགས་བྱས། ༢༠༡༤ ལོར་རྒྱ་གར་རྒྱལ་ཡོངས་འཛིན་རིམ་ ༡༢ ཀྱི་བསླབ་པ་མཐར་སོན་བྱུང་ཞིང་ལོ་དེའི་བོད་མིའི་སློབ་གྲྭ་ཡོངས་ནས་གྲུབ་འབྲས་རྩེ་ཕུད་ཀྱི་གྲས་ཏེ་བོད་གཞུང་ཤེས་རིག་ལས་ཁུངས་ནས་དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས་འཐོབ། ༢༠༡༩ ལོར་ཀར་ན་ཀྲ་ཀ་མངའ་སྡེའི་ཁྲིམས་ལུགས་གཙུག་ལག་སློབ་གཉེར་ཁང་ (Karnataka State Law University) ནས་ཁྲིམས་ཀྱི་ཆེད་སྦྱོང་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ (BA. LLb) དང་། ༢༠༢༠ ལོར་རིམ་བཞིན་ (LL.M) གཙུག་ལག་རབ་འབྱམས་པའི་ལག་འཁྱེར་འཐོབ། ༢༠༢༠ ནས་ད་བར་བོད་མིའི་སྤྱི་ཚོགས་ཁྲོད་ཤེས་ཡོན་གྱི་ཐོག་ནས་མང་གཙོའི་གོ་རྟོགས་ཡོང་བར་མང་གཙོ་དང་བགྲོ་གླེང་ཞེས་པའི་ལས་གཞི་ཞིག་འགོ་འཛུགས་གནང་སྟེ། ད་བར་ལོ་ངོ་དྲུག་ལྷག་མང་གཙོ་དང་སྲིད་བྱུས་འབྲེལ་བའི་གཞི་རྒྱ་ཆེ་བའི་བསམ་ཚུལ་བསྡུ་ལེན་གྱིས་ཞིབ་འཇུག་སྙན་ཐོ་དང་ཉམས་ཞིབ། གྲོས་སྡུར་དང་བགྲོ་གླེང་། བཅར་འདྲི་སོགས་ཀྱི་ལས་དོན་སྣ་མང་བསྒྲུབས་དང་སྒྲུབ་མུས་ཡིན། ༢༠༢༤ ལོར་༸ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ལ་རྒྱ་གར་གྱི་རྩ་ཁྲིམས་སློབ་ཁྲིད་ཞུས། ཕྱི་ལོ་ ༢༠༢༣ ལོ་ནས་དང་བླངས་བོད་དོན་ཞུ་གཏུག་རུ་ཁག་གི་ཚོགས་མི་དང་རྒྱ་གར་ལྷོ་ཕྱོགས་ཀྱི་འབྲེལ་མཐུད་པའི་འགན་བཞེས། ༢༠༢༤ ལོར་ཀར་ན་ཀྲ་ཀ་མངའ་སྡེའི་གཙུག་ལག་སློབ་གཉེར་ཁང་ཐོག་མ་མཱེ་སོར་གཙུག་ལག་སློབ་གཉེར་ཁང་དུ་ཐེངས་དང་པོར་བོད་ཀྱི་སྲིད་སྐྱོང་གདན་ཞུ་གནང་སྟེ་རྒྱལ་སྤྱིའི་སློབ་ཕྲུག་མང་པོ་སྐོང་ཚོགས་ཀྱིས་ཤེས་ཡོན་ཚོགས་འདུ་གོ་སྒྲིག་ཞུས། ༢༠༢༡ ལོར་གཞན་ཕན་ཐེབས་རྩའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཞོན་དང་། མཱེ་སོར་བོད་ཀྱི་སྡོད་ཁང་གི་འགན་འཛིན་གནང་། ༢༠༢༡ ལོར་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་སྐབས་འོས་མི་རྣམས་ངོ་སྤྲོད་དང་བགྲོ་གླེང་གོ་སྒྲིག་ཞུས། ༢༠༡༩ ལོར་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུར་བདམས་པ་མ་ཟད། ལོ་ན་ ༣༥ མན་གྱི་གཞོན་སྐྱེས་སྐུ་ཚབ་ ༥ བོད་མིའི་སྒྲིག་འཛུགས་ནས་བསྐོ་བཞག་གནང་བའི་ཁོངས་ནས་གཅིག་ཡིན། ༢༠༡༨ ལོར་རྒྱ་གར་རྒྱལ་ཡོངས་བོད་རིགས་སློབ་ཕྲུག་མཐུན་ཚོགས་ཡོངས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཐོག་མ་དེ་གནང་། ༢༠༡༤ ནས་ ༢༠༡༧ བར་མཐོ་སློབ་འགྲིམས་ཞོར་དུ་མཱེ་སོར་བོད་རིགས་སློབ་ཕྲུག་མཐུན་ཚོགས་དང་ལྷོ་ཕྱོགས་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་སོགས་ཀྱི་ཐུགས་འགན་བཞེས། ༢༠༢༥ ལོར་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་ལྷོ་ཕྱོགས་གསར་འགོད་པ་གནང་། ད་བར་ཡུ་རོབ་གཙོས་པའི་རྒྱལ་སྤྱིའི་ཚོགས་འདུ་དང་གཞོན་སྐྱེས་ཚོགས་ཆེན་ཁག་ལ་མཉམ་ཞུགས་དང་། མ་འོངས་བོད་ཀྱི་མདུན་ལམ་འཚོལ་ཞིབ་ཚོགས་འདུ་དང་། གོ་ལའི་ཕུགས་འཆར། ན་གཞོན་ཉམས་ཞིབ་ཚོགས་འདུ། རྒྱལ་སྤྱིའི་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སོགས་གལ་ཆེའི་ཚོགས་འདུ་དང་ཟབ་སྦྱོང་མང་པོ་ལ་གཏམ་བཤད་དང་ཟབ་ཁྲིད། སྦྱོང་བརྡར་གནང་ཡོད་པ། ད་ལྟ་སྐབས་ ༡༨ པའི་སྤྱི་འཐུས་ཀྱི་འགན་འཁུར་ཞུ་མུས་ཡིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།