མིང༌། ཆོས་འཕེལ་ཐུབ་བསྟན།
གུས་སྦེལ་ཀོབ་ཉིན་སློབ་ནས་འཛིན་གྲྭ་ ༡༢ ཐོན་རྗེས་སྦེང་ལོར་ཀརྱསཌ་མཐོ་སློབ་ (Christ College) ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་ (BA) དང་གསར་འགྱུར་རིག་པའི་ཐོག་ (Diploma) སློབ་གཉེར་ལེགས་པར་མཐར་སོན། སློབ་གཉེར་སྐབས་སུ་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་དང༌། ས་གཞོན་ཚོགས་གཙོའི་འགན་ཁུར་བླངས་བོད་དོན་དང་འབྲེལ་བའི་ལས་འགུལ་མང་དག་སྤེལ། ཕྱི་ལོ་ ༡༩༩༢ ལོ་ནས་ཟུང་བོད་མིའི་སྒྲིག་འཛུགས་ནང་ལོ་ངོ་ ༢༨ ཙམ་ཞབས་ཞུ་དང༌། ལྷག་པར་དུ་ལྷོ་སྤྱིའི་འགན་ཁུར་ཞུས་སྐབས་རྒྱ་གར་ལྷོ་ཕྱོགས་མངའ་གཞུང་ཁག་གི་དཔོན་རིགས་དང༌། ཧིན་བོད་མཛའ་འབྲེལ་ཚོགས་པ། ཕྱི་རྒྱལ་གཞུང་ཚབ་ཁག་བཅས་ལ་འབྲེལ་ལམ་དམ་ཟབ་ཞུས་ཏེ་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང༌། ཆབ་སྲིད། ཤེས་ཡོན། འཕྲོད་བསྟེན། སྤྱི་ཚོགས་ཡར་རྒྱས་བཅས་ལ་ཕན་རླབས་ཅིས་ཆེ་བསྒྲུབས་ཡོད། མ་ཟད་ཁྱབ་ཁོངས་ལྷོ་ཕྱོགས་གྲོང་ཁྱེར་ཁག་ཏུ་ཡོད་པའི་སློབ་ཕྲུག་དང་ཚོང་པ་དཀའ་ངལ་ཅན་ལ་ལྟ་སྐྱོང་། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གཙོས་པའི་ལྷོ་ཕྱོགས་མཉམ་འབྲེལ་ཁག་ལ་རམ་འདེགས། ཕྱོགས་མཚུངས་ལྷོ་གཞིས་ལས་ཁུངས་ཁག་གི་འཛིན་སྐྱོང་དང༌། འཛུགས་སྐྲུན། ཡར་རྒྱས་བཅས་ཀྱི་ཆེད་དུ་ཀར་ན་ཀྲ་ཀའི་མངའ་གཞུང་གི་སྔོན་རྩིས་ནས་གཏན་འཇགས་རོགས་དངུལ་ཐབས་འཚོལ་ཐོག་ད་བར་ས་ཡ་ ༥༠ ཙམ་ཞུས་ཐོབ་བྱུང་ཡོད།
ལྷག་དོན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལྷོ་ཕྱོགས་ཁུལ་དུ་ཆིབས་སྒྱུར་ལན་མང་བསྐྱངས་སྐབས་མངའ་གཞུང་ཁག་ལ་འབྲེལ་ལམ་གྱིས་ཆིབས་སྒྱུར་མཛད་འཆར་ལ་ཞབས་འདེགས་ཞུ་སྒོ་ཁག་འཐུས་གཙང་ཞུས་ངོར་དཔལ་ལྡན་སྐུ་སྒེར་ཡིག་ཚང་ནས་ལེགས་སོའི་ཕྱག་བྲིས་ཀྱང་གསོལ་རས་གནང་ཡོད། ཕྱི་ལོ་ ༢༠༢༡ ལོར་སྐབས་ ༡༧ པའི་མདོ་སྟོད་ཆོལ་ཁའི་ཁོངས་བོད་མི་མང་སྤྱི་འཐུས་སུ་འདེམས་ཐོན་བྱུང་པ་ལྟར་ལས་འཁུར་ཐ་དག་འཐུས་གཙང་ཞུས་པ་དང་། ཕྱི་ལོ་ ༢༠༢༦ ལོར་སླར་ཡང་སྐབས་ ༡༨ པའི་སྤྱི་འཐུས་སུ་བདམས་ཐོན་གྱིས་འགན་འཁུར་ཞུ་མུས་ཡིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།