མིང༌། གསེར་རྟ་ཚུལ་ཁྲིམས།
གུས་གསེར་རྟ་ཚུལ་ཁྲིམས་ནི། ཁམས་གསེར་རྟ་རུ་སྐྱེས་ཤིང་། གསེར་རྟ་བླ་རུང་སྒར་སོགས་ནས་བོད་ཀྱི་ཐུན་མོང་དང་ཐུན་མིན་གྱི་རིག་གནས་ཁག་ལ་སྦྱངས།
བཙན་བྱོལ་དུ་འབྱོར་ནས་བོད་གཞུང་ཆོས་རིག་ལས་ཁུངས་དང༌། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་རྩོམ་སྒྲིག་ཞིབ་འཇུག་གི་ལས་ཀ་བྱས།
ཕྱི་ལོ་ ༢༠༠༣ ལོར་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གསར་འཛུགས་དང་། བདུན་རེའི་གསར་ཤོག་བོད་ཀྱི་བང་ཆེན་གྱི་སྤྱི་ཁྱབ་རྩོམ་སྒྲིག་པའི་འགན་ཁུར། རྩོམ་ཡིག་མང་པོ་འབྲི་སྤེལ་དང་། དཔེ་དེབ་གང་མང་ཞིག་ཀྱང་གསར་རྩོམ་བྱས།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་དང་། བཅོ་ལྔ། བཅུ་དྲུག བཅུ་བདུན་བཅས་སུ་མདོ་སྟོད་སྤྱི་འཐུས་ཀྱི་འགན་ཁུར། ལྷག་པར་དུ་སྐབས་བཅུ་བདུན་པར་ཁྲིམས་སྒྲིག་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་དང༌། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཁེ་ཉེན་གྱི་གནས་སྟངས་ཞིབ་འཇུག་ཚོགས་ཆུང་བཅས་ཀྱི་གཙོ་འགན་ཁུར་ནས་ལས་དོན་འཐུས་ཤོར་མེད་པར་བསྒྲུབས་ཡོད་པ་སོགས། ད་བར་མི་ལོ་ཉི་ཤུའི་རིང་སྤྱི་དོན་ཁུར་དུ་བཟུང་ཞིང༌ལྷག་བསམ་རྣམ་དག་གིས་སྤྱི་འཐུས་ཀྱི་ལས་དོན་ཁག་ལ་འབད་བརྩོན་ལྷོད་མེད་ཞུས་ཡོད། སླར་ཡང་སྐབས་བཅོ་བརྒྱད་པའི་སྤྱི་འཐུས་འོས་འདེམས་ནང་མདོ་སྟོད་རྒྱ་ཆེའི་མི་མང་གིས་རྒྱབ་སྐྱོར་ཆེན་པོ་གནང་འདུག་པ་བཞིན། རང་ནུས་གང་ཡོད་ཀྱིས་སྤྱི་དོན་ཁུར་དུ་བཟུང་ནས་མུ་མཐུད་ལས་དོན་བསྒྲུབ་རྒྱུའི་དམིགས་ཡུལ་དང་དམ་བཅའ་བརྟན་པོ་ཡོད་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།