མིང༌། འཇུ་ཆེན་དཀོན་མཆོག་ཆོས་སྒྲོན།

༄༅། །གུས་མོར་མདོ་སྟོད་སེར་སྐྱ་མང་ཚོགས་ཀྱི་རྒྱབ་སྐྱོར་འོག་སྐབས་བཅུ་གསུམ་པ་དང་། བཅུ་བཞི་པ། བཅོ་ལྔ་པ། བཅུ་དྲུག། བཅུ་བདུན་པ་བཅས་ཀྱི་བོད་མི་མང་སྤྱི་འཐུས་ཀྱི་འགན་འཁུར་བླངས་ཏེ་སྤྱི་འཐུས་གྲོས་ཚོགས་སུ་ཞུགས་ནས་གཙོ་བོ་མང་གཙོ་ཡང་དག་གི་བཅའ་ཁྲིམས་འོག་གི་ཁྲིམས་སྒྲིག་གཏན་འབེབས་གནང་བའི་དགོངས་དོན་འགལ་མེད་ཉམས་ལེན་ཞུ་རྒྱུའི་དམ་བཅའ་ཕུལ་བ་བཞིན་འཇིགས་ཞུམ་ཆགས་སྡང་འཛེམས་ཟོན་ངོ་སྲུང༌སྤང༌བའི༌འཁུར༌ལེན་གང་ཐུབ་ཅི་ཐུབ་ཞུས་ཁར། ལས་དོན་ཐམས་ཅད་གང་ཟག་གི་དབང་བསྒྱུར་ལས་གྲོལ་ཏེ། ཁྲིམས་ལུགས་ཁོ་ནའི་དབང་བསྒྱུར་འོག་བསྐྱོད་ཐབས་ཐོག་བསྒྲུབ་བྱའི་དམིགས་ཡུལ་གཙོ་བོ་ཡིན། ཕྱི་ལོ་ ༢༠༠༨ ལོའི་ནང་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་གོ་སྒྲིག་ཚོགས་ཆུང་གི་འགན་འཁུར་ཞུས། ༢༠༡༢ ལོར་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཐེངས་ ༦ པའི་ཐོག་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་དུ་བཅར། བོད་དོན་ཞུ་སྐུལ་ཆེད་ཀལ་མུག་ཀིཡ་དང་། ར་ཤི་ཡ། བྱང་ཨ་རི། ཨོ་སི་ཏྲོ་ལི་ཡ། རྒྱ་གར་གྱི་རྒྱལ་ས་ལྡི་ལི་བཅས་སུ་ཆེད་བཅར་ཞུས། སྤྱི་ལྷན་གྱི་ཚོགས་ཆུང་ཁག་ནང་ཞུགས་ཏེ་ལས་དོན་འཐུས་ཤོར་མེད་པ་སྒྲུབ་ཡོད། དེ་བཞིན་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱལ་ཡོངས་འོས་བསྡུའི་ཚོགས་ཆུང་སྐབས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་ཚོགས་མི་དང༌། ཕྱི་ལོ་ ༢༠༡༧ ལོའི་སྐབས་ ༦ པའི་ཚོགས་གཙོའི་འགན་འཁུར་ཞུས། ཕྱི་ལོ་ ༢༠༡༩ ནས་ལོ་གསུམ་རིང་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་སྐབས་ ༣ པའི་ཚོགས་གཞོན་དང༌། ཕྱི་ལོ་ ༢༠༢༢ ནས་ལོ་གསུམ་རིང་སྐབས་ ༤ པའི་ཚོགས་གཙོའི་འགན་འཁུར་ཞུས་ཡོད།

ད་ལྟ་སྐབས་ ༡༨ པའི་སྤྱི་འཐུས་ཀྱི་འགན་འཁུར་ཞུ་མུས་ཡིན་པ་དང་། མདོ་སྟོད་སེར་སྐྱ་མང་ཚོགས་ནས་སྔར་བཞིན་ཡིད་ཆེས་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་བཅས་ལོ་རྒྱུས་སྙིང་བསྡུས་སུ།