མིང༌། འབུམ་རམས་པ་རིག་འཛིན་ལྷུན་གྲུབ།
བོད་གཙང་ལ་སྟོད་བྱང་ངམ་རིང་རྫོང་མཚོ་ཕུ་ལུང་ཞེས་པར་ཕ་རྡོ་རྗེ་ཚེ་དབང་དང་མ་ལྷ་མོ་ཚེ་རིང་གཉིས་ཀྱི་བུར་ཕྱི་ལོ་༡༩༨༤ ཟླ་ ༡༠ པའི་ ༢ ཉིན་སྐྱེས། ཕྱི་ལོ་ ༡༩༩༩ ལོར་བཙན་བྱོལ་དུ་འབྱོར་རྗེས། སུ་ཇཱ་བོད་ཁྱིམ་སློབ་གྲྭ་ནས་འཛིན་གྲྭ་དགུ་པ་བར་གཞི་རིམ་སློབ་སྦྱོང་དང༌། དེ་ནས་ཕྱི་ལོ་ ༢༠༠༤ ལོར་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ནས་ནང་དོན་རིག་པ་དང༌། བོད་ཀྱི་སྐད་ཡིག་དང་རྩོམ་རིག ལེགས་སྦྱར། དབྱིན་ཇི། སྲིད་དོན་ཚན་རིག་ཐོག་ཤཱསྟྲཱི་བསྟན་བཅོས་དང༌། ཨྰ་ཅཱ་རྱ་སློབ་དཔོན་མཐར་ཕྱིན། དེ་རྗེས་མཚན་ཉིད་རིག་པ་དང་ཉམས་ཞིབ་རིག་པའི་ཐོག་ཁྱད་འཕགས་སློབ་དཔོན་དང༌། ཕྱི་ལོ་ ༢༠༢༡ ལོར་འབུམ་རམས་པ་ཐོན། སློབ་ཞོར་དུ་ཕྱི་ལོ་ ༢༠༠༧-༢༠༠༩ ཝཱཎའི་རིག་རླབས་དུས་དེབ་ཀྱི་རྩོམ་སྒྲིག་ཚོགས་མི། ༢༠༠༧-༢༠༠༩ བོད་ཀྱི་གཞོན་ནུའི་ནང་ཆོས་མཐུན་ཚོགས་ཀྱི་རིག་གཞུང་འགན་འཛིན་དང༌། ༢༠༠༩-༢༠༡༡ ཚོགས་གཙོ། ༢༠༡༡-༢༠༡༢ རྙིང་མའི་སློབ་གཉེར་བདེ་དོན་ལྷན་ཁང་གི་དངུལ་གཉེར། ༢༠༡༠-༢༠༡༤ ཝཱཎ་ས་གནས་འོས་བསྡུ་ཚོགས་ཆུང་གི་ཚོགས་མི། ༢༠༡༢-༢༠༡༣ ཝཱཎའི་སློབ་གཉེར་བདེ་དོན་ལྷན་ཚོགས་ཀྱི་ཚོགས་གཙོ། ༢༠༡༢-༢༠༡༥ རྒྱལ་སྤྱིའི་ན་གཞོན་གོང་འཕེལ་དང་གཉེར་སྲུང་ཚོགས་པའི་བོད་རིགས་འཐུས་མི། ༢༠༡༣-༢༠༡༤ ཝཱཎ་བོད་ཁྱིམ་སློབ་ཟུར་ཚོགས་པའི་དངུལ་གཉེར། ༢༠༡༣-༢༠༡༤ བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་སྤྱི་ཁྱབ་འབྲེལ་མཐུད་པ། ༢༠༡༦ ནས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དབུས་རྒྱུན། ད་བར་ཡིག་བསྒྱུར་དང་རྩོམ་སྒྲིག་བགྱིས་པའི་དེབ་དང་དཔྱད་རྩོམ་སྣ་མང་པར་སྐྲུན་དང་འགྲེམས་སྤེལ་ཞུས་ཡོད། ཕྱི་ལོ་ ༢༠༢༠ ལོ་ནས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་བོད་ཀྱི་སྐད་ཡིག་སློབ་དཔོན་དང༌། ༢༠༢༡-༢༠༢༦ བར་སྐབས་བཅུ་བདུན་པའི་སྤྱི་འཐུས་དང་། ད་ལྟ་སྐབས་ ༡༨ པའི་སྤྱི་འཐུས་ཀྱི་ལས་འཁུར་ཞུ་བཞིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།