མིང༌། མཁན་པོ་འཇམ་དཔལ་བསྟན་འཛིན།
མཁན་པོ་འཇམ་དཔལ་བསྟན་འཛིན་ནི། ཤར་མི་ཉག་ནགས་ཕྲན་སྡེ་བ་རུ་འཚར། རང་དགོན་ནས་མཐོང་བརྒྱུད་ཕྱག་བཞེས་དང་རིག་གནས་སྦྱངས། རིམ་པས་ཆོས་ཀྱི་གྲོང་ཁྱེར་ཞིག་ལ་ཕྱིན་ནས་མི་ལོ་བཅུ་ཕྲག་རིང་༸ཆོས་རྗེ་བླ་མའི་མདུན་དབང་ལུང་གདམས་ཁྲིད། མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་འབྲས་རྩེ་གྲས་སུ་ཕྱིན་ཏེ་བགྲོ་གླེང་དམ་བཅའ་ཐེངས་གཉིས་དང་། བཀའ་པོད་དམ་བཅའི་བར་སོན། ༸སྐྱབས་རྗེ་རྫོགས་ཆེན་པདྨ་སྐལ་བཟང་མཆོག་ནས་སྐྱོར་དཔོན་གྱི་མཚན་གནས་དང་། རྒྱལ་འཕགས་བསྟན་བདག་མཆོག་ནས་མཁན་པོའི་མཚན་གསོལ། ༸སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེས་འཕགས་ཡུལ་རྫོགས་ཆེན་དགོན་པའི་ལས་ཐོག་མཁན་པོར་བསྐོས་གནང་བཞིན་འཕགས་ཡུལ་ཤྲཱི་སེང་བཤད་གྲྭའི་དགེ་རྒན་གནང་རིང་ལོ་རིམ་དགུའི་སློབ་ཚན་ཡོངས་རྫོགས་སློབ་ཁྲིད་དང་། བཤད་གྲྭའི་འཛིན་རིམ་གོང་འོག་གཏན་འབེབས། རིམ་པས་རྒྱུན་ལས་ཚོགས་གཙོ། སྐུ་སྒེར་དྲུང་ཡིག དགོན་པའི་སྤྱི་ཁྱབ་འགན་འཛིན། རྡོར་གདན་༸ཆོས་རྗེ་བླ་མའི་འདས་མཆོད་སྨོན་ལམ་ཆེན་མོའི་རྒྱུན་ལས་བསྟུད་མར་ཐེངས་གཉིས། རྙིང་མ་སྨོན་ལམ་ཆེན་མོའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་མི། བརྩམས་དེབ་ལ། ས་བཤད་ནོར་བུའི་འཕྲེང་བ། ལོ་རྒྱུས་ཀུན་གསལ་མེ་ལོང་། ༧གྲུབ་དབང་རྫོགས་ཆེན་པ། གུ་རུ་རིན་པོ་ཆེ་རྗེས་དྲན་སོགས་ཡོད། སྐབས་ ༡༦/༡༧ བསྟུད་མར་སྔ་འགྱུར་རྙིང་མའི་སྤྱི་འཐུས་སུ་ཐེངས་གཉིས་འདེམས་ཐོན་བྱུང་བ་བཞིན་སྐབས་བབ་ལས་དོན་ཆེ་ཕྲ་མཐའ་དག་དང་། ཁྱད་པར་འཇིག་ཉེན་ཆེ་བའི་བོད་ཀྱི་སྐད་ཡིག་རིག་གཞུང་རྒྱུད་འཛིན་ཆེད་ཡང་ཡང་གཞེན་བསྐུལ་དང་། བགྲོ་གླེང་། གྲོས་ཆོད། དྲི་བ་བཅས་ཀྱིས་འགན་ཁུར་འཐུས་ཤོར་མེད་པ་གནང་ཡོད་འདུག ད་ལྟ་སྐབས་ ༡༨ པའི་སྤྱི་འཐུས་ཀྱི་ལས་འཁུར་ཞུ་བཞིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ། །