༄༅། །བོད་ཀྱི་རྒྱལ་དར་དང་། རྒྱལ་རྟགས། རྒྱལ་གླུ་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི།

ལེའུ་དང་པོ།

སྔོན་འགྲོ།

དོན་ཚན་དང་པོ། སྒྲིག་གཞིའི་མིང་།

སྒྲིག་གཞི་འདི་ལ་བོད་ཀྱི་རྒྱལ་དར་དང་། རྒྱལ་རྟགས། རྒྱལ་གླུ་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་བོད་རྒྱལ་ལོ་ ༢༡༥༣ ཕྱི་ལོ་ ༢༠༢༦ ཞེས་འབོད་རྒྱུ།

 

དོན་ཚན་གཉིས་པ། ཆ་རྐྱེན།

སྒྲིག་གཞི་འདི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་སོ་དྲུག་པའི་ཆ་རྐྱེན་འོག་ནས་བཀོད་སྒྲིག་བྱས་པ་ཡིན།

 

དོན་ཚན་གསུམ་པ། འགོ་འཛུགས།

སྒྲིག་གཞི་འདི་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་ཀྱིས་སྲིད་སྐྱོང་གིས་ཆོག་མཆན་མིང་རྟགས་བཀོད་དེ་ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༢༥ ནས་དངོས་སུ་ལག་བསྟར་འགོ་འཛུགས་བྱ་རྒྱུ།

 

ལེའུ་གཉིས་པ།

བོད་ཀྱི་རྒྱལ་དར་གྱི་སྤྱི་བཤད།

དོན་ཚན་བཞི་པ། རྒྱལ་དར་གྱི་བྱུང་རིམ།

བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་ནི་མི་ལོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་པའི་འཛམ་གླིང་གི་རྒྱལ་དར་རྙིང་གྲས་ཤིག་ཡིན་ལ། འཛམ་གླིང་རྒྱལ་ཁབ་སོ་སོའི་རྒྱལ་དར་བྱུང་རིམ་དང་ཕྱོགས་མཚུངས། དམག་དར་ནས་ཕྱིས་སུ་རྒྱལ་དར་དུ་བསྒྱུར་བ་ཞིག་ཡིན། དེ་ཡང་གངས་ལྗོངས་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་དམག་དར་གྱི་བཀོད་རིས་སྔར་ཡོད་ལ་གཞི་བཅོལ་ཏེ་དུས་བསྟུན་གཅིག་གྱུར་མཛད་ནས་ད་ཡོད་ཀྱི་རྒྱལ་དར་འདི་བྱུང་བ་ཡིན།

 

དོན་ཚན་ལྔ་པ། རྒྱལ་དར་གྱི་མཚོན་དོན་འགྲེལ་བཤད།

༡    དྭངས་ཤིང་གསལ་བའི་ནམ་མཁའ་སྔོན་པོའི་འོག་ཏུ་ལྷུན་སྟུག་གངས་ཀྱི་རི་བོ་བརྗིད་ཆགས་སུ་གནས་པས་གངས་རི་ར་བས་བསྐོར་བའི་བོད་རྒྱལ་ཁབ་ཆེན་པོའི་ཕྱི་སྣོད་ཀྱི་བཀོད་པ་མཚོན།

༢    ནམ་མཁའི་ངོས་སུ་འོད་མདངས་དམར་པོ་དྲུག་འཕྲོ་བས། གདོང་དམར་བོད་ཀྱི་ཕྱི་མོ་མིའུ་གདུང་དྲུག་མཚོན་པས་བོད་རྒྱལ་ཁབ་ཆེན་པོའི་ནང་བཅུད་ཀྱི་སེམས་ཅན་མཚོན།

༣   ནམ་མཁའི་ཁ་མདོག་སྔོ་ནག་དང་། རིགས་ཀྱི་ཁ་མདོག་དམར་པོ་གཉིས་ཀྱིས་གཞུང་བསྟེན་སྲུང་མ་དམར་ནག་གཉིས་ཀྱིས་བསྟན་སྲིད་སྲུང་སྐྱོང་གི་འཕྲིན་ལས་གཡེལ་མེད་དུ་སྒྲུབ་པ་མཚོན།

༤   གངས་རིའི་རྩེ་ནས་ཉི་མ་ཤར་ཏེ་འོད་ཟེར་རྒྱ་ཁྱབ་ཏུ་འཕྲོ་བས། བོད་མི་སྐྱེ་འགྲོ་ཡོངས་ཀྱིས་རང་དབང་ཆོས་འབྱོར་བདེ་སྐྱིད་ཀྱི་སྣང་བར་ཀུན་སྙོམས་སུ་ལོངས་སྤྱོད་པ་མཚོན།

༥   གངས་རིའི་ངོས་སུ་མི་འཇིགས་གདོང་ལྔ་འབར་བའི་སེངྒེ་ཟུང་རྣམ་པར་འགྱིངས་པས། ཆོས་སྲིད་ཟུང་དུ་འབྲེལ་བའི་རྒྱལ་ཐབས་ཆབ་སྲིད་ཀྱི་འཕྲིན་ལས་ཕྱོགས་དུས་ཀུན་ལས་རྣམ་པར་རྒྱལ་བ་མཚོན།

༦   སེངྒེ་ཟུང་གིས་ནོར་བུ་མེ་འབར་ཁ་མདོག་གསུམ་ལྡན་གོང་དུ་འདེགས་པས། བོད་མི་ཡོངས་ཀྱིས་རྟག་ཏུ་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་རིགས་གསུམ་གཅིག་བསྡུས་ཀྱི་ངོ་བོ་སྐྱབས་གནས་དཀོན་མཆོག་རིན་ཆེན་རྣམ་པ་གསུམ་གཙུག་ཏུ་བཀུར་བ་མཚོན།

༧   སེངྒེ་ཟུང་གིས་ལག་ཏུ་ནོར་བུ་དགའ་འཁྱིལ་ཁ་མདོག་དམར་ནག་གཉིས་ལྡན་ཞིག་བཟུང་བས། ལྷ་ཆོས་དགེ་བ་བཅུ་དང་། མི་ཆོས་གཙང་མ་བཅུ་དྲུག་གི་སྙིང་པོར་གྱུར་པའི་ལུགས་ཟུང་བླང་དོར་གྱི་རང་ཁྲིམས་གཅེས་སྲུང་བྱེད་པ་མཚོན།

༨    མཐའ་ལྕགས་ཁ་མདོག་སེར་པོས་བརྒྱན་པས། གསེར་སྦྱངས་བཙོ་མ་ལྟ་བུའི་སངས་རྒྱས་ཀྱི་བསྟན་པ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པ་མཚོན་པ་དང་། གཡས་ལ་མཐའ་ལྕགས་མེད་པས། ཕྱི་ནང་གི་རིག་གནས་བརྗེ་ལེན་གྱི་སྒོ་འཕར་ཡངས་པོ་ཕྱེ་ཡོད་པ་མཚོན།

 

དོན་ཚན་དྲུག་པ། རྒྱལ་དར་གྱི་ཚད་གཞི།

༡    རྒྱལ་དར་གྱི་བཟོ་དབྱིབས་གྲུ་བཞི་ནར་མོ་ཡིན་དགོས་པ་དང་། མཐོ་ཚད་རིང་ཚད་ལས་སུམ་ཆ་གཉིས་ཡིན་དགོས་པར་དཔེར་ན། སྤྱིར་བཏང་སྒྲེང་འཛུགས་བྱེད་པའི་རྒྱལ་དར་ཚད་ལྡན་གྱི་རིང་ཚད་ལ་ཨིན་ཅི་ ༥༤ དང་། མཐོ་ཚད་ལ་ཨིན་ཅི་ ༣༦ དགོས།

༢    རྒྱལ་དར་རིང་ཚད་ཨིན་ཅི་ ༥༤ དང་། མཐོ་ཚད་ཨིན་ཅི་ ༣༦ ཡོད་པ་ཞིག་ལ་མཚོན་ན།

ཀ མཐའ་ལྕགས་ཀྱི་ཞེང་ལ་ཨིན་ཅི་ ༤ །

ཁ དབུས་ཀྱི་ཉི་མའི་དཀྱིལ་འཁོར་དེ། གངས་རིའི་རྩེ་མོ་ལྟེ་བར་བཟུང་བའི་ཉི་མའི་དཀྱིལ་འཁོར་གྱི་མཐའ་སྒོར་ལ་ཨིན་ཅི་ ༤ །

ག ཉི་ཟེར་བཅུ་གཉིས་རེ་རེ་ལ་ཨིན་ཅི་ ༤ རེ་དགོས་པ་དེ་དག་འོད་མདངས་དམར་པོ་དང་། སྔོ་ནག་རེ་རེའི་དཀྱིལ་ནས་འཕྲོ་བ་ཞིག་དགོས།

ང  བསྟན་སྲུང་དམར་ནག་གི་མཚོན་དོན་འོད་མདངས་དམར་པོ་དང་། སྔོ་ནག་གི་རྩ་བ་ཉི་མའི་མཐའ་བསྐོར་ཆ་བཅུ་གཉིས་སུ་བགོས་པ་དགུང་དང་མཐའ་ཕྱོགས་སོ་སོར་ཆ་བཞི་རེ་རྒྱས་པ་ཞིག་དགོས།

༣ མདོར་ན་རྒྱལ་དར་ཆེ་ཆུང་སྣ་ཚོགས་བཟོ་ཆོག་ཀྱང་བཟོ་དབྱིབས་གྲུ་བཞི་ནར་མོ་ཞིག་དགོས་པ་དང་། དེའི་མཐོ་ཚད་རིང་ཚད་ཀྱི་སུམ་ཆ་གཉིས་དགོས་པ་གོང་གསལ་ལྟར་ཡིན།

 

དོན་ཚན་བདུན་པ། བོད་ཀྱི་རྒྱལ་དར་གྱི་ཚོན་མདོག

བོད་ཀྱི་རྒྱལ་དར་གྱི་ཚོན་མདོག་ནི་ཟུར་འཛར་གསུམ་པའི་རྒྱལ་དར་ལྟར་དགོས་རྒྱུ།

 

ལེའུ་གསུམ་པ།

བོད་ཀྱི་རྒྱལ་དར་བེད་སྤྱོད་བྱེད་ཕྱོགས།

དོན་ཚན་བརྒྱད་པ། རྒྱལ་དར་སྒྲེང་འཛུགས།

༡    བོད་མིའི་སྒྲིག་འཛུགས་མ་ལག་དང་། གཞུང་ཁོངས་མིན་པའི་ཚོགས་སྡེ། སློབ་གྲྭ། ཚོགས་སྒེར་སུ་རུང་ནས་སྒྲིག་གཞི་འདི་གཞིར་བཟུང་བོད་ཀྱི་རྒྱལ་དར་ལ་གུས་བརྩི་ཆེ་མཐོང་ལྡན་པའི་སྒོ་ནས་བཟོ་སྐྲུན་དང་། བཀོལ་སྤྱོད་བྱེད་ཆོག

༢    བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་སྐབས་ཆེ་མཐོང་དང་མངོན་གསལ་ཆེ་བའི་ས་ཆར་སྒྲེང་འཛུགས་བྱེད་དགོས།

༣   སྐྱེ་བོ་སུ་ཞིག་བོད་ཀྱི་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་པའམ། རྒྱལ་དར་སྒྲེང་བའི་སྐབས་དང་འཕྲད་ཚེ། ཁ་རྒྱལ་དར་གྱི་ཕྱོགས་སུ་འཁོར་ནས། ལུས་དྲང་པོར་འགྲེང་། མིག་ཕུར་ཚུགས་སུ་རྒྱལ་དར་ལ་གཏད་པའི་གུས་ལུགས་ཞུ་དགོས།

༤   སྐུ་བརྙན་ནམ་དྲན་རྟེན་དངོས་པོ་སོགས་དབུ་འབྱེད་མཛད་སྒོའི་སྐབས་རྒྱལ་དར་བེད་སྤྱོད་བྱེད་ཚེ། རྒྱལ་དར་དེ་ཉིད་མངོན་གསལ་དོད་ཤོས་དང་། མི་མང་གི་མཐོང་ཡུལ་དུ་མངོན་ཐུབ་པ་བྱེད་དགོས་པ་ལས། སྐུ་བརྙན་ནམ་ཅ་དངོས་ཅི་རིགས་ཀྱི་ཁེབས་གཡོག་དང་། ཕྱི་ཐུམ་ལྟ་བུར་བཀོལ་སྤྱོད་བྱེད་མི་ཆོག

༥   སྡིངས་ཆ་དང་། གཏམ་བཤད་སྟེགས་བུ། མདུན་ཅོག་སྟེང་རྒྱལ་དར་གྱི་ཁེབས་གཡོག་དང་། མདུན་ཐད་དུ་དཔྱངས་སྣར་བྱེད་མི་ཆོག སྡིངས་ཆའི་སྟེང་རྒྱལ་དར་སྒྲེང་འཛུགས་བྱེད་སྐབས། གསུང་བཤད་གནང་མཁན་མང་ཚོགས་ལ་ཁ་གཏད་པའི་གཡས་ཟུར་གྱི་དར་ཤིང་སྟེང་རྒྱལ་དར་བསྐོན་པའམ། གསུང་བཤད་གནང་མཁན་དེའི་རྒྱབ་ངོས་ཀྱི་རྩིག་པར་སྦྱོར་དགོས།

༦   རྒྱལ་དར་ཐོག་ཡི་གེ་དང་། རི་མོའི་རིགས་གང་ཡང་འབྲི་མི་ཆོག

༧   དར་ཤིང་གཅིག་ལ་བོད་ཀྱི་རྒྱལ་དར་མཉམ་དུ་རྒྱལ་དར་གཞན་ནམ། དར་ཆ་གཞན་སྒྲེང་འཛུགས་བྱེད་མི་ཆོག

༨    མདོག་དབྱིབས་དང་བཀོད་རིས། ཆ་ཚད་གང་ཅི་སྒྲིག་གཞི་འདི་དང་མི་མཐུན་པའི་རྒྱལ་དར་རམ། རྒྱལ་དར་སྐྱོན་ཅན་རིགས་སྒྲེང་འཛུགས་བྱེད་མི་ཆོག

༩   རྒྱལ་དར་སྐྱོན་ཅན་རིགས་རྒྱལ་དར་གྱི་ཆེ་མཐོང་ལ་མི་གནོད་པའི་ཐབས་ལམ་བརྒྱུད་མེད་པ་བཟོ་དགོས།

༡༠  དབུས་དང་ས་གནས་ཀྱི་ལས་ཁུངས་ཁག་ཏུ་གཤམ་གསལ་གཞུང་འབྲེལ་མཛད་སྒོའི་སྐབས་བོད་ཀྱི་རྒྱལ་དར་ངེས་པར་དུ་སྒྲེང་འཛུགས་བྱེད་དགོས།

ཀ   གནམ་ལོ་གསར་ཚེས།

ཁ   རང་དབང་སྒེར་ལངས།

ག   སྐུའི་འཁྲུངས་སྐར་དུས་ཆེན།

ང    མང་གཙོའི་དུས་ཆེན།

ཅ    ༸གོང་ས་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་དུས་ཆེན།

༡༡  གནས་ཡུལ་རྒྱལ་ཁབ་སོ་སོའི་དུས་ཆེན་ཆེ་ཁག་ལའང་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་སྒྲེང་འཛུགས་དགོས་པ་ཡིན།

༡༢  བོད་ཀྱི་རྒྱལ་དར་སྐེད་པ་མན་གྱི་གྱོན་ཆས་སམ་གྱོན་གོས་ཀྱི་ཆ་ཤས་གང་རུང་དུ་བེད་སྤྱོད་མི་ཆོག་ལ། གདིང་བྱའི་གདན་དང་འབོལ་གདན། ཉེར་སྤྱོད་ལག་ཕྱིས་དང། ཁ་ཕྱིས། ལྷམ་དང་རྐང་ཤུབས་ལྟ་བུ་གང་རུང་སྟེང་འཚེམ་དྲུབ་བམ་པར་འདེབས་བྱེད་མི་ཆོག

༡༣ བོད་མི་སུ་འདྲ་ཞིག་གིས་ཀྱང་བོད་ཀྱི་རྒྱལ་དར་རམ་ཡང་ན་དེའི་ཆ་ཤས་མེ་ལ་སྲེག་པའམ། བཙོག་པ་བཟོ་བ། རྡོག་རྫིས་གཏོང་བ། རྐང་བཙུགས་ནས་ས་ངོས་སུ་ཐུག་རེག་དང་། ཆུར་འདྲུད་པ་སོགས་གཏན་ནས་མི་ཆོག

༡༤ བོད་ཀྱི་རྒྱལ་དར་ནི་བོད་མི་མང་གི་རེ་བ་དང་། བོད་རྒྱལ་ཁབ་ཀྱི་མཚོན་རྟགས་ཡིན་པས། བོད་མི་མི་རེ་ངོ་རེ་ནས་དེ་ལ་བརྩི་འཇོག་དང་། གཅེས་སྤྲས། སྲུང་སྐྱོབ་བྱེད་དགོས།

 

དོན་ཚན་དགུ་པ། རྒྱལ་དར་ཕྱེད་ཕབ།

༡    དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ། དཔལ་ལྡན་སྲིད་སྐྱོང་སྐུ་གྲོངས་ཚེ་རྒྱལ་དར་ཕྱེད་ཕབ་ཀྱིས་མྱ་ངན་གུས་འདུད་ཞུ་དགོས།

༢    གཤམ་གསལ་དོན་གནད་ཁག་ལ་བཀའ་ཤག་གིས་བཀོད་ཁྱབ་ནམ་བྱུང་ལ་དབུས་དང་ས་གནས་ཁག་གིས་རྒྱལ་དར་ཕྱེད་ཕབ་ཀྱིས་མྱ་ངན་གུས་འདུད་ཞུ་དགོས།

ཀ   བོད་རྒྱལ་ཁབ་ཆེན་པོར་མཛད་རྗེས་བླ་མེད་བཞག་པའི་མི་སྣ་དང་། འཛམ་གླིང་ཞི་བདེའམ་མིའི་རིགས་ཀྱི་སྤྱི་ཚོགས་ཡར་རྒྱས་ཀྱི་ལས་དོན། བོད་ཀྱི་རྩ་དོན་འཐབ་རྩོད་ལ་མཛད་རྗེས་བླ་མེད་བཞག་པའི་མི་སྣ་བཅས་སྐུ་གྲོངས་ཚེ།

ཁ   རང་བྱུང་གནོད་འཚེ་སོགས་འཆི་སྐྱོན་ཚབས་ཆེན་གྱི་དོན་རྐྱེན་རིགས་བྱུང་ཚེ།

ག   མཐུན་ཕྱོགས་རྒྱལ་ཁབ་གང་ཞིག་ལ་རྒྱལ་ཁབ་ཆགས་འཇིག་གིས་མཚོན་གོད་ཆག་རིགས་བྱུང་ཚེ།

ང    བཀའ་ཤག་གིས་སྐབས་མཚམས་གསལ་བསྒྲགས་བྱས་པའི་གཞུང་འབྲེལ་མཛད་སྒོ་ཁག་བཅས།

༣   རྒྱལ་དར་ཕྱེད་ཕབ་ཀྱི་དུས་ཡུན་དང་། མྱ་ངན་གྱི་ཞིབ་ཆའི་བྱེད་སྒོ་རྣམས་བཀའ་ཤག་གི་བཀོད་ཁྱབ་གཞིར་བཟུང་བྱེད་དགོས།

༤   རྒྱལ་དར་ཕྱེད་ཕབ་གཤམ་གསལ་ལྟར་བྱ་རྒྱུ།

ཀ   རྒྱལ་དར་ཕྱེད་ཕབ་ཀྱི་བཀོད་ཁྱབ་འབྱོར་སྐབས། ཕུང་པོ་ཞུགས་འབུལ་ལམ་དུར་སྦས་ཀྱི་དུས་ཚེས་དེ་སྒྲིག་གཞི་འདིའི་དོན་ཚན་ ༨ ནང་གསེས་ ༡༠ ནང་གསལ་གྱི་གཞུང་འབྲེལ་མཛད་སྒོའི་ཉིན་འཁེལ་ཚེ། ཕུང་པོ་འཇོག་ཡུལ་གྱི་ཁང་ཁུངས་གང་དེའི་ཐོག་རྩེའམ། ཞུགས་འབུལ་ལམ་དུར་སྦས་བྱ་ཡུལ་དེ་རང་ལས་གཞན་པའི་ས་གནས་ཁག་ཏུ་རྒྱལ་དར་ཕྱེད་ཕབ་མ་དགོས་ཤིང་། ཕུང་པོ་འཇོག་ཡུལ་ནས་གདན་འདྲེན་ཟིན་པའམ། ཞུགས་འབུལ་ལམ་དུར་སྦས་གྲུབ་མཚམས་རྒྱལ་དར་རྩེར་སྒྲེང་བྱེད་དགོས།

ཁ   འདས་གྲོངས་སམ་དོན་རྐྱེན་གང་ཞིག་བྱུང་མ་ཐག་པའི་དུས་ཚེས་དེ་རང་དུ་རྒྱལ་དར་ཕྱེད་ཕབ་ཀྱི་མྱ་ངན་ཞུ་དགོས་ནའང་། འདས་གྲོངས་ཀྱི་དུས་ཚོད་ཉིན་རྒྱབ་འཁེལ་ཚེ། ཕྱི་ཉིན་ཞོགས་པ་ནས་རྒྱལ་དར་ཕྱེད་ཕབ་ཀྱི་མྱ་ངན་ཞུ་དགོས།

ག   རྒྱལ་དར་ཕྱེད་ཕབ་དགོས་སྐབས། ཐོག་མར་དར་ཤིང་གི་རྩེ་མོ་བར་བསྒྲེངས་རྗེས། དལ་བུར་མར་འབེབ་བཞིན་དར་ཤིང་གི་ཕྱེད་ཀའི་མཚམས་སུ་འདོགས་དགོས།

 

དོན་ཚན་བཅུ་པ། རྒྱལ་དར་སྐུ་ཕུང་ལ་འགེབས་པ།

༡    བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ལས་ཟུར་སུ་ཡིན་སྐུ་གྲོངས་ཚེ་སྐུ་ཕུང་ལ་བོད་ཀྱི་རྒྱལ་དར་འགེབས་ཆོག

༢    མཛད་གཙོ་ལས་ཟུར་ལས་གཞན་བོད་རྒྱལ་ཁབ་དང་། མི་རིགས། རྩ་དོན་འཐབ་རྩོད་ལ་མཛད་རྗེས་བླ་མེད་བཞག་པའི་མི་སྣ་སྐུ་གཤེགས་ཚེ་སྐུ་ཕུང་ལ་བོད་ཀྱི་རྒྱལ་དར་འགེབས་ཆོག འོན་ཀྱང་བཀའ་ཤག་ལ་སྙན་སེང་གིས་བཀའ་ཁྲོལ་ཐོབ་ན་ལས་དེ་མིན་སྐུ་ཕུང་གང་བྱུང་ལ་བོད་ཀྱི་རྒྱལ་དར་འགེབས་མི་ཆོག

༣   སྐུ་ཕུང་ལ་བོད་ཀྱི་རྒྱལ་དར་འགེབས་པའི་མྱ་ངན་ཞུ་སྐབས་སྐུ་ཕུང་དང་ལྷན་དུ་རྒྱལ་དར་དུར་སར་སྦས་པའམ། མེར་བསྲེག་མི་ཆོག

 

ལེའུ་བཞི་པ།

བོད་ཀྱི་རྒྱལ་རྟགས་ཀྱི་སྤྱི་བཤད།

དོན་ཚན་བཅུ་གཅིག་པ། བོད་ཀྱི་རྒྱལ་རྟགས་ཀྱི་བྱུང་རིམ།

བོད་ནི་མི་ལོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལྡན་པའི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་ལ། བོད་རྗེ་རིམ་བྱོན་ནས་ལུགས་གཉིས་ཆབ་སྲིད་ཀྱི་མཛད་འགན་བཞེས་མཁན་རྣམས་ཀྱིས་རྒྱུ་ཆ་དང་། བཟོ་ལྟ། ཚོན་མདོག་འདྲ་མིན་ལས་གྲུབ་པའི་རྒྱལ་རྟགས་སམ་རྟགས་ཐམ་བཟོས་ཡོད། ལྷག་པར་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་མཆོག་གིས་སྔར་ཡོད་བོད་ཀྱི་རྒྱལ་རྟགས་སམ་རྟགས་ཐམ་ཁག་ལ་གཞི་འཛིན་གྱིས། ད་ལྟའི་རྒྱལ་རྟགས་འདི་བཟོས་ནས་བོད་གཞུང་གིས་ཕྱི་ལོ་ ༡༩༦༧ ཟླ་ ༡༠ ཚེས་ ༡༤ ཉིན་ཡོངས་ཁྱབ་ཏུ་གཞུང་འབྲེལ་ཁྱབ་བསྒྲགས་བསྐྱངས་པ་ནས་བྱུང་ཡོད།

 

དོན་ཚན་བཅུ་གཉིས་པ། བོད་ཀྱི་རྒྱལ་རྟགས་ཀྱི་མཚོན་དོན་འགྲེལ་བཤད།

༡    ལྷུན་སྟུག་གངས་ཀྱི་རི་བོ་གསུམ་བརྗིད་ཆགས་སུ་གནས་པས་གངས་རི་ར་བས་བསྐོར་བའི་བོད་རྒྱལ་ཁབ་ཆེན་པོའི་ཕྱི་སྣོད་ཀྱི་བཀོད་པ་མཚོན།

༢    གངས་རིའི་ངོས་སུ་མི་འཇིགས་གདོང་ལྔ་འབར་བའི་སེངྒེ་ཟུང་རྣམ་པར་འགྱིངས་པས། ཆོས་སྲིད་ཟུང་དུ་འབྲེལ་བའི་རྒྱལ་ཐབས་ཆབ་སྲིད་ཀྱི་འཕྲིན་ལས་ཕྱོགས་དུས་ཀུན་ལས་རྣམ་པར་རྒྱལ་བ་མཚོན།

༣   སེངྒེ་གཉིས་ཀྱིས་གསེར་གྱི་འཁོར་ལོ་ལྟེ་བར་ནོར་བུ་དགའ་འཁྱིལ་ཁ་དོག་གསུམ་ལྡན་མཉམ་འདེགས་བྱེད་པས། གངས་ཅན་པ་རྣམས་ཀྱིས་རྟག་ཏུ་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་རིགས་གསུམ་གཅིག་བསྡུས་ཀྱི་ངོ་བོ་སྐྱབས་གནས་དཀོན་མཆོག་རིན་ཆེན་རྣམ་པ་གསུམ་གཙུག་ཏུ་བཀུར་བ་མཚོན།

༤   མཁའ་དབྱིངས་སུ་ཉི་ཟླས་བརྒྱན་པས། གཞུང་གི་ཆོས་སྲིད་སྐྱོང་ཐབས་ཀུན་སྙོམས་ཉི་ཟླ་བཞིན་སྐྱེ་འགྲོ་རྣམས་ལ་རང་དབང་བདེ་སྐྱིད་ཀྱི་སྣང་བ་ཐོབ་སྟེ་རྨོངས་མུན་གྱི་ཚ་གདུང་སེལ་ནས་རྟག་ཏུ་ཞི་བདེའི་དཔལ་ལ་སྤྱོད་པ་མཚོན།

༥   མཚན་བྱང་དུ་ “བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིགཅེས་པས་བོད་མི་རྣམས་བདེན་པ་ལ་དགའ་ཞིང་བདེན་རྫུན་གྱི་མཐའ་མའི་རྒྱལ་ཁ་དེ་བདེན་པ་ཉིད་ལ་ཡོད་པའི་ཆོས་ཉིད་ཀྱི་ངང་ཚུལ་ལ་ཡིད་ཆེས་བརྟན་པོ་ཡོད་པ་མཚོན།

༦   དར་དཀར་ཡུག་གཅིག་གིས་བརྒྱན་པ་དེས། བོད་མི་ཡོངས་རྫོགས་དར་གྱི་རྒྱུ་སྤུན་ལྟ་བུའི་འབྲེལ་བ་དམ་ཞིང་ཟབ་ལ། དམ་ཚིག་གཙང་བ་དར་དཀར་ཡུག་གཅིག་དང་མཚུངས་པར་མཚོན།

༧   མཐའ་ལྕགས་གསེར་མདོག་གིས་བརྒྱན་པས་སངས་རྒྱས་ཀྱི་བསྟན་པ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པ་མཚོན།

 

དོན་ཚན་བཅུ་གསུམ་པ། བོད་ཀྱི་རྒྱལ་རྟགས་ཀྱི་བཟོ་དབྱིབས།

༡    རྒྱལ་རྟགས་ཀྱི་ཆེ་ཆུང་དང་། རྒྱུ་ཆ། འབུར་རིས་སོགས་གང་ཞིག་བཟོ་འགོད་གནང་བར་དགག་བྱ་མེད།

༢    རྒྱལ་རྟགས་ཀྱི་བཟོ་དབྱིབས་ལ་འགྱུར་བ་ནམ་ཡང་གཏོང་མི་ཆོག  འོན་ཀྱང་རྒྱལ་རྟགས་འབུར་མ་དང་ཚེམ་དྲུབ་སོགས་ཀྱི་མཐའ་ལྕགས་ནང་ནོར་ཕྲེང་དང་འོད་ཟེར་རིགས་འབྲི་བར་དགག་བྱ་མེད།

 

ལེའུ་ལྔ་པ།

བོད་ཀྱི་རྒྱལ་རྟགས་བེད་སྤྱོད་བྱ་ཚུལ།

དོན་ཚན་བཅུ་བཞི་པ། གཞུང་གི་ལས་ཤོག་དང་། ལས་ཐམ། མཚན་བྱང་

དབུས་དང་ས་གནས་ཁག་གི་ལས་ཤོག་དང་། མཚན་བྱང་ཐོག་གཞུང་གིས་གཏན་འབེབས་བྱས་པའི་རྒྱལ་རྟགས་འབྲི་འགོད་བྱ་ཆོག་པར་མ་ཟད། ལས་ཐམ་ཡང་བཟོ་ཆོག་པ་ཡིན། དེ་མིན་གཞུང་འབྲེལ་མིན་པའི་ཚོགས་སྡེ་གཞན་སུས་ཀྱང་བོད་ཀྱི་རྒྱལ་རྟགས་བེད་སྤྱོད་མི་ཆོག

 

དོན་ཚན་བཅོ་ལྔ་པ། སྒེར་གྱི་ལས་ཤོག་དང་། ལས་ཐམ།

མཛད་གཙོ་ལས་ཐོག་རྣམ་པས་སྒེར་གྱི་ལས་ཤོག་དང་། ལས་ཐམ་ལ་གཞུང་གི་གཏན་འབེབས་ལྟར་གྱི་རྒྱལ་རྟགས་བཟོ་བེད་ཆོག་པ་ཡིན།

 

དོན་ཚན་བཅུ་དྲུག་པ། སྒེར་གྱི་ངོ་སྤྲོད་མཚན་བྱང་།

མཛད་གཙོ་ལས་ཐོག་རྣམ་པ་དང་། གཞུང་ཞབས་དྲུང་གཞོན་ལས་རོགས་ཡན། སྐུ་ཚབ་དོན་གཅོད་ཁག། ས་གནས་འགོ་འཛིན་ཁག་བཅས་ཀྱིས་སྒེར་གྱི་ངོ་སྤྲོད་མཚན་བྱང་ཐོག་རྒྱལ་རྟགས་ཅན་བཀོད་ཆོག

 

དོན་ཚན་བཅུ་བདུན་པ། བོད་ཀྱི་རྒྱལ་རྟགས་ཀྱི་བླང་དོར་ལམ་སྟོན།

༡    རྒྱལ་རྟགས་ཐོག་གཏན་འབེབས་ལྟར་ལས་དེ་མིན་ཡི་གེ་དང་། རི་མོ་འདྲ་མིན་རིགས་གང་བྱུང་འབྲི་འགོད་མི་ཆོག

༢    རྒྱུ་ཆ་འདྲ་མིན་དང་བྲིས་འབུར་ཅི་རིགས་ཀྱི་རྒྱལ་རྟགས་བཟོ་བསྐྲུན་བྱ་རྒྱུར་དགག་བྱ་མེད་ཀྱང་། ངེས་པར་ཁྲིམས་མཐུན་ཚད་ལྡན་ཞིག་ཡིན་དགོས།

༣   རྒྱལ་རྟགས་དེ་འགྲོ་ལམ་དང་། གྱོན་ཆས། ས་གདན་སོགས་མཐོང་ཆུང་འགྲོ་གཞིའི་རིགས་ལ་དཔར་བ་དང་འབྲི་འགོད་རིགས་མི་ཆོག

༤   རྒྱལ་རྟགས་སྐྱོན་ཅན་རིགས་རྒྱལ་རྟགས་ཀྱི་ཆེ་མཐོང་ལ་མི་གནོད་པའི་ཐབས་ལམ་བརྒྱུད་མེད་པ་བཟོ་དགོས།

༥   དབུས་དང་ས་གནས་ཀྱི་གཞུང་འབྲེལ་ཚོགས་འདུ་དང་མཛད་སྒོའི་སྐབས། བྲིས་འབུར་གང་རུང་ལས་གྲུབ་པའི་རྒྱལ་རྟགས་བཀའ་སློབ་གནང་མཁན་གྱི་མདུན་ལྕོག་ཐོག་དང་། བཤད་ལྕོག་གི་མདུན་གཡོག་བྱས་བར་དགག་བྱ་མེད་ཀྱང་། རྒྱལ་རྟགས་ལ་གུས་ཞབས་མེད་པའི་རྣམ་པ་མི་མཐོང་བ་ངེས་པར་བྱེད་དགོས།

༦   མི་སུ་རུང་ནས་བཀའ་ཤག་གི་བཀའ་འཁྲོལ་མེད་པར། རྒྱལ་རྟགས་སམ་རྒྱལ་རྟགས་དང་བཀོད་དབྱིབས་ཉེ་བའི་རྟགས་རིས་བཀོལ་སྤྱོད་བྱས་ཏེ། བོད་མིའི་སྒྲིག་འཛུགས་དང་འབྲེལ་བ་ཡོད་མདོག་སྟོན་ཐབས་བྱེད་མི་ཆོག

༧   མི་སུ་རུང་ནས་བཀའ་ཤག་གི་བཀའ་འཁྲོལ་མེད་པར། རྒྱལ་རྟགས་བཀོལ་སྤྱོད་བྱས་ཏེ། རྣམ་པ་ཅི་རིགས་ཀྱི་ཚོང་འབྲེལ་ལམ། ལས་རིགས་གཉེར་མི་ཆོག་པ་དང་། ཚོང་ཟོག་རིགས་ཀྱི་ཚོང་རྟགས་དང་། ཕྱིའི་ཇུས་འགོད་དུ་བཀོལ་སྤྱོད་བྱེད་མི་ཆོག

༦   མི་སུ་རུང་ནས་བཀའ་ཤག་གི་བཀའ་འཁྲོལ་མེད་པར། རྒྱལ་རྟགས་སམ་རྒྱལ་རྟགས་དང་བཀོད་དབྱིབས་ཉེ་བའི་རྟགས་རིས་བཀོལ་སྤྱོད་བྱས་ཏེ། བོད་མིའི་སྒྲིག་འཛུགས་དང་འབྲེལ་བ་ཡོད་མདོག་སྟོན་ཐབས་བྱེད་མི་ཆོག

༧   མི་སུ་རུང་ནས་བཀའ་ཤག་གི་བཀའ་འཁྲོལ་མེད་པར། རྒྱལ་རྟགས་བཀོལ་སྤྱོད་བྱས་ཏེ། རྣམ་པ་ཅི་རིགས་ཀྱི་ཚོང་འབྲེལ་ལམ། ལས་རིགས་གཉེར་མི་ཆོག་པ་དང་། ཚོང་ཟོག་རིགས་ཀྱི་ཚོང་རྟགས་དང་། ཕྱིའི་ཇུས་འགོད་དུ་བཀོལ་སྤྱོད་བྱེད་མི་ཆོག ལེའུ་དྲུག་པ།

 

བོད་ཀྱི་རྒྱལ་གླུ།

དོན་ཚན་བཅོ་བརྒྱད་པ། བོད་ཀྱི་རྒྱལ་གླུའི་བྱུང་རིམ།

བོད་ཀྱི་རྒྱལ་གླུ་ནི་དམག་གླུའམ་གཞུང་གླུ་ནས་རྒྱལ་གླུ་རུ་གྱུར་པ་ཞིག་ཡིན་པ་དང་། དམག་སྒར་སོ་སོས་གཞུང་འབྲེལ་མཛད་སྒོ་ཆེ་ཁག་ལ་བཏང་སྲོལ་ཡོད་པའི་གླུ་ལ་དམག་གླུའམ་གཞུང་གླུ་ཟེར་ཞིང་། དེ་ནི་མི་ལོ་བརྒྱ་ཕྲག་མང་པོའི་སྔོན་ནས་བྱུང་འདུག ཕྱིས་སུ་ཕྱི་ལོ་ ༡༩༤༧ ལོར་ཨེ་ཤི་ཡའི་ཚོགས་ཆེན་ཐོག་བོད་ཀྱི་རྒྱལ་གླུ་རི་རྒྱ་བསམ་གཏན་གླིང་བཏང་འདུག་པ་དང་། དེའི་རྗེས་སུ་རྒྱལ་གླུ་དད་པའི་འཁོར་སྒྲོལ་མ་བཟོས་ཤིང་། བཙན་བྱོལ་དུ་འབྱོར་རྗེས་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་མཆོག་གིས་རྒྱལ་གླུའི་ཚིག་སྦྱོར་ལ་བསྐྱར་བཅོས་ཀྱིས་ད་ལྟ་གཏོང་བཞིན་པའི་རྒྱལ་གླུ་སྲིད་ཞིའི་ཕན་བདེ་མ་འདི་བྱུང་ཡོད།

 

དོན་ཚན་བཅུ་དགུ་པ། བོད་ཀྱི་རྒྱལ་གླུ།

༄༅། །སྲིད་ཞིའི་ཕན་བདེའི་འདོད་རྒུ་འབྱུང་བའི་གཏེར།

ཐུབ་བསྟན་བསམ་འཕེལ་ནོར་བུའི་འོད་སྣང་འབར།

བསྟན་འགྲོའི་ནོར་འཛིན་རྒྱ་ཆེར་སྐྱོང་བའི་མགོན།

འཕྲིན་ལས་ཀྱི་རོལ་མཚོ་རྒྱས།

རྡོ་རྗེའི་ཁམས་སུ་བརྟན་པས་ཕྱོགས་ཀུན་བྱམས་བརྩེས་སྐྱོང་།

གནམ་བསྐོས་དགའ་བ་བརྒྱ་ལྡན་དབུ་འཕང་དགུང་ལ་རེག

ཕུན་ཚོགས་སྡེ་བཞིའི་མངའ་ཐང་རྒྱས།

བོད་ལྗོངས་ཆོལ་ཁ་གསུམ་གྱི་ཁྱོན་ལ་བདེ་སྐྱིད་རྫོགས་ལྡན་གསར་པས་ཁྱབ།

ཆོས་སྲིད་ཀྱི་དཔལ་ཡོན་དར།

ཐུབ་བསྟན་ཕྱོགས་བཅུར་རྒྱས་པས་འཛམ་གླིང་ཡངས་པའི་སྐྱེ་རྒུ་ཞི་བདེའི་དཔལ་ལ་སྦྱོར།

བོད་ལྗོངས་བསྟན་འགྲོའི་དགེ་མཚན་ཉི་འོད་ཀྱིས།

བཀྲ་ཤིས་འོད་སྣང་འབུམ་དུ་འཕྲོ་བའི་གཟིས།

ནག་ཕྱོགས་མུན་པའི་གཡུལ་ལས་རྒྱལ་གྱུར་ཅིག

 

དོན་ཚན་ཉི་ཤུ་པ། བོད་ཀྱི་རྒྱལ་གླུའི་དབྱངས་ཡིག

བོད་ཀྱི་རྒྱལ་གླུའི་སྒྲ་རོལ་གྱི་དབྱངས་ཡིག་ཟུར་འཛར་དང་པོ་དང་གཉིས་པ་ལྟར་དགོས་རྒྱུ།

 

དོན་ཚན་ཉེར་གཅིག་པ། བོད་ཀྱི་རྒྱལ་གླུ་བེད་སྤྱོད་བྱེད་ཚུལ།

༡    བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ལ་གུས་བརྩི་དང་ཆེ་མཐོང་ལྡན་པའི་སྒོ་ནས་སྤྱི་སྒེར་གྱི་སྒྲིག་འཛུགས་དང་། སློབ་གྲྭ། མི་མང་སུས་ཀྱང་རྒྱལ་གླུ་གཏོང་བར་དགག་བྱ་མེད།

༢    སྐྱེ་བོ་སུ་ཞིག་གིས་རྒྱལ་གླུ་ལེན་པ་དང་རྒྱལ་གླུ་ལེན་པའི་སྐབས་དང་འཕྲད་ཚེ། འགྲོ་སྡོད་མི་བྱེད་པར་ལུས་དྲང་པོར་འགྲེང་། བློ་སྒྲིམ་སྟེ་རྒྱལ་གླུ་ལེན་དགོས།

༣   མཛད་སྒོ་སོགས་ཀྱི་སྐབས་གནས་ཡུལ་རྒྱལ་ཁབ་སོ་སོའི་རྒྱལ་གླུ་ལེན་དགོས་ཚེ་ཐོག་མར་བོད་ཀྱི་རྒྱལ་གླུ་དང་དེ་རྗེས་རྒྱལ་ཁབ་གཞན་གྱི་རྒྱལ་གླུ་ལེན་དགོས།

༤   རྒྱལ་གླུ་ལེན་སྐབས་ངག་རྐྱང་པ་དང་། རོལ་དབྱངས་མཉམ་ལེན་གང་བྱས་ཀྱང་ཆོག འོན་ཀྱང་ཁྲིམས་སྒྲིག་གཏན་འབེབས་དང་མི་མཐུན་པར་རང་སྣང་གང་ཤར་གྱིས་ལེན་མི་ཆོག

 

དོན་ཚན་ཉེར་གཉིས་པ། སྒྲིག་འདོམས་དང་། ཉེས་ཆད།

༡    བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་དང་། རྒྱལ་རྟགས། རྒྱལ་གླུ་བེད་སྤྱོད་ཚུལ་མཐུན་བྱེད་ཀྱི་མེད་པ་མཐོང་ཚེ། ནང་ཁུལ་ལར་ཞེན་གྱི་ཐོག་ནས་འབྲེལ་ཡོད་ལ་ནོར་འཁྲུལ་ཡོ་བསྲང་གི་གོ་བསྐོན་བྱ་རྒྱུ་དང་། ཁ་ཏར་མ་ཉན་ཚེ་འབྲེལ་ཡོད་ལ་གནས་ཚུལ་སྙན་གསན་ཞུ་རྒྱུ།

༢    མཛད་སྒོ་དང་འདུ་འཛོམས། ཁྲོམ་སྐོར། སྤྱི་པའི་བྱེད་སྒོ་ཁག་བཅས་པར་རྒྱལ་དར་དང་། རྒྱལ་རྟགས། རྒྱལ་གླུ་བེད་སྤྱོད་བྱེད་ཕྱོགས་ཚད་མཐུན་ཡོང་བའི་འགན་ཁུར་འབྲེལ་ཡོད་གོ་སྒྲིག་བྱེད་པོས་ལེན་དགོས།

༣   རྐང་བཙུགས་ནས་བོད་ཀྱི་རྒྱལ་དར་དང་། རྒྱལ་རྟགས། རྒྱལ་གླུ་ལ་བརྩི་མེད་དང་། དམའ་འབེབས། ཁྱད་གསོད་ཀྱི་བྱ་སྤྱོད་བྱུང་ཚེ། སྐུ་ཚབ་དོན་གཅོད་དང་། ས་གནས་འགོ་འཛིན་སོ་སོས་ཁྱབ་ཁོངས་ས་གནས་སུ་སྒྲིག་འདོམས་གོ་བསྐོན་དང་། ཕྱིས་འབྱུང་ནོར་འཁྲུལ་མི་འབྱུང་བའི་སྐྱོན་བསྲང་ཐུབ་པ་བྱེད་དགོས།

༤   སྐུ་ཚབ་དོན་གཅོད་དང་། ས་གནས་འགོ་འཛིན་སོ་སོས་སྐྱོན་བསྲང་གི་ཐག་གཅོད་ལ་བརྩི་བཀུར་མ་བྱས་ཚེ། བཀའ་ཤག་ལ་སྙན་གསན་ཞུས་ཏེ། ཞིབ་འཇུག་ཚོགས་ཆུང་ཆེད་བཙུགས་ཀྱི་སྙན་ཐོར་བཀའ་ཤག་གིས་དཔྱད་ཞིབ་ཀྱིས། བཙན་བྱོལ་བོད་མིའི་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་བཀག་བསྐྱིལ་ལམ། དངུལ་ཆད། ཆད་པ་གཞན་གང་འོས་འགེལ་རྒྱུ།

 

དོན་ཚན་ཉེར་གསུམ་པ། སྒྲིག་གཞི་བསྐྱར་བཅོས།

སྒྲིག་གཞི་འདི་ལ་བསྐྱར་བཅོས་དགོས་གལ་ནམ་བྱུང་མཚམས་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་བསྐྱར་བཅོས་ལ་སྲིད་སྐྱོང་གིས་ཆོག་མཆན་མིང་རྟགས་འགོད་དགོས།། །།

 

 

 

གོང་གསལ་སྒྲིག་གཞི་འདི་བཞིན་ཕྱི་ལོ་ ༢༠༢༦།༤།༢༡ ཉིན་ཕྱོགས་བསྒྲིགས་ཞུས།