མིང་། ཨོ་རྒྱན་སྐྱབས།
ཨོ་རྒྱན་སྐྱབས་ལགས་ནི་བོད་མདོ་སྨད་དཔའ་རིས་སུ་སྐྱེས་ཏེ་ལོ་རིམ་བདུན་པ་བར་བོད་ནང་སློབ་སྦྱོང་བྱས། ༡༩༩༧ ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ཏེ་སུ་ཇ་སློབ་གྲྭར་འཛིན་རིམ་དགུ་པ་བར་དང་གོ་པལ་པུར་དུ་འཛིན་རིམ་བཅུ་གཉིས་བར་སློབ་སྦྱོང་བྱས་། སློབ་གྲྭའི་སྐབས་ཡིག་རྒྱུགས་ཡོངས་རྫོགས་ལ་ཨང་དང་པོ་བླངས་ཏེ་སློབ་སྦྱོང་གི་གྲུབ་འབྲས་ཕུལ་དུ་བྱུང་བ་བླངས། ལྷག་པར་དུ་འཛིན་རིམ་བཅུ་པའི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་ཚན་རིག་ལ་བོད་པའི་སློབ་གྲྭ་ཡོངས་ལས་ཨང་དང་པོ་དང་། འཛིན་རིམ་བཅུ་གཉིས་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་བོད་སློབ་ཡོངས་རྫོགས་ལས་ཨང་དང་པོ་བླངས་ཏེ་བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་སློབ་སྦྱོང་གི་གྲུབ་འབྲས་མཐོ་ཤོས་ཀྱི་ཟིན་ཐོ་བསྐྲུན་ཏེ་དགའ་ལྡན་ཕོ་བྲང་སློབ་མའི་གཟེངས་རྟགས་ཐོབ། ༢༠༠༣ ལོར་བོད་ས་མཚམས་སུ་ཁེ་རྐྱང་དུ་ལྷག་པའི་རང་གི་ཕ་ཡུལ་དཔའ་རིས་སུ་བོད་དོན་གོ་རྟོགས་སྤེལ་ཆེད་བོད་གཞུང་ཕྱི་དྲིལ་ལས་ཁུངས་དང་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་བཅས་ནས་བོད་དོན་ཡིག་ཆ་མང་པོ་ཁྱེར་ཏེ་བལ་ཡུལ་ནས་རྐང་ཐང་ལ་བོད་དུ་སྐྱོད་སྐབས་འགྲམ་ནས་རྒྱ་གཞུང་གིས་འཛིན་བཟུང་གིས་འགྲམ་དང་། གཉའ་ལམ། གཞིས་རྩེ་བཙོང་ཁང་སོགས་ནས་དྲི་བརྩད་རྡུང་རྡེག་ཚད་མེད་བཏང་སྟེ་ཟླ་གསུམ་ལྷག་རྗེས་ཉིན་དགུའི་རིང་ཟས་ཆུ་བཅད་མཐར་མྱུར་སྐྱོབ་སྨན་ཁང་དུ་ཁྲིད་དེ་འཛའ་དྲག་ངང་ཀློད་གྲོལ་གྱིས་ཕྱིར་རྒྱ་གར་ལ་བྲོས་ཐར་ཙམ་བྱུང་།
༢༠༠༨ ལོར་རྒྱ་གར་ལྡི་ལིའི་གཙུག་ལག་སློབ་གཉེར་ཁང་འོག་གི་ St. Stephen’s College ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་། ༢༠༡༣ ལོར་ལས་ཀའི་ཞོར་དུ་ IGNOU ནས་གཙུག་ལག་རབ་འབྱམས་པ་བཅས་ཀྱི་ཕྱག་འཁྱེར་བླངས། བོད་ནང་གི་ས་བྱི་ཞི་རྒོད་ཆེན་མོའི་སྐབས་མཐོ་སློབ་ཏུ་བོད་དོན་དྲིལ་བསྒྲགས་དང་འཚེ་མེད་ཞུ་བའི་ངོ་རྒོལ་ལས་འགུལ་མང་པོ་འཆར་འགོད་སྣེ་ཁྲིད་བྱས། ༢༠༠༨ ལོ་ནས་རྒྱལ་སྤྱིའི་སྒེར་གཉེར་བཟོ་ཚོང་ཁང་ཆེ་ཁག་ཏུ་ལས་ཀ་བྱས་ཤིང་། ༢༠༡༦ ལོར་བོད་མིའི་ཁྱད་ལས་དང་བླངས་ལས་གཞི་ (Tibet Corp) ཞེས་པར་བོད་མི་མང་སྤྱི་འཐུས་ལས་ཁུངས་ནང་ཕྱག་ལས་གནང་སྟེ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། བོད་མིའི་རང་ལུས་མེར་བསྲེགས་སྐོར་སོགས་དབྱིན་ཡིག་ཏུ་བསྒྱུར། ད་ལྟ་སྐབས་ ༡༨ པའི་སྤྱི་འཐུས་ཀྱི་འགན་འཁུར་ཞུ་མུས་ཡིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།