མིང༌། དབང་འདུས་རྡོ་རྗེ།
གུས་པ་སྦིར་གཞིས་ཆགས་སུ་སྐྱེས་ནས་འཚར་ལོངས་བྱུང༌། ཆུང་དུས་ནས་མ་ནཱ་ལི་སཾ་བྷོ་ཊ་དང་བོད་ཁྱིམ་སློབ་གྲྭ་སོགས་ནས་གཞི་རིམ་སློབ་མཐར་ཕྱིན་ནས་ཅན་དྷི་གྷར་གྱི་པན་ཇབ་གཙུག་ལག་སློབ་གཉེར་ཁང་དུ་རབ་འབྱམས་པའི་སློབ་སྦྱོང་གི་གོ་སྐབས་ཐོབ། གཞི་རིམ་སློབ་གྲྭ་ཁག་ནས་འགོ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཐོབ་མྱོང་ཡོད་པ་མ་ཟད མཐོ་རིམ་སློབ་གཉེར་བྱེད་པའི་ཞོར་ལ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཡང་བྱས་ཏེ་ལས་འགུལ་མང་པོར་མཉམ་ཞུགས་བྱས་མྱོང་ཡོད། སློབ་སྦྱོང་བྱས་ཟིན་པའི་རྗེས་སུ་སྦིར་སྡེ་དགེ་ས་གནས་གྲོས་ཚོགས་ཀྱི་ཚོགས་མི་སྐབས་གཅིག་དང༌། སྦིར་དང་ཅོན་ཏཱ་ར་མ་ནི་དུང་སྒྲུབ་ཚོགས་པའི་གཉེར་པ་ལོ་ངོ་བཞི། སྦིར་སྡེ་དགེ་ས་གནས་ཆུ་སྒང་གི་ཚོགས་གཞོན་སྐབས་གསུམ། དེ་བཞིན་སྐབས་གཉིས་རིང་དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྩིས་ཞིབ་པ་བྱས། དེ་ནས་སྐབས་གསུམ་རིང་ ༼༢༠༡༧-༢༠༢༣༽ ཆུ་བཞི་སྒང་དྲུག་དབུས་རྒྱུན་གྱི་ལས་ཁུར་ཞུས། ཕྱི་ལོ་ ༢༠༡༩ ལོར་གུས་པས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པའི་བོད་ཟས་ (TIBET FOODS ) ཞེས་པ་གསར་གཏོད་བྱས་ནས་རྒྱལ་ནང་དང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་གནའ་བོའི་བོད་ཀྱི་སྲོལ་རྒྱུན་བཟའ་བཅའ་ཁྱབ་གདལ་གཏོང་རྒྱུའི་ལས་འཆར་བསྒྲིག་ཡོད། དེ་བཞིན་ཕྱི་ལོ་༢༠༢༠ ལོར་རྒྱ་ནད་ཏོག་དབྱིབས་ན་ཚའི་ནད་རླབས་དང་པོས་རྒྱ་གར་ནང་དུ་གནོད་སྐྱོན་ཐེབས་པའི་སྐབས་སུ་ནད་འགོག་གདོང་ཁེབས་གསར་གཏོད་བྱས་ནས་སྦིར་དང་ཅོན་ཏཱ་རའི་བོད་ཁམས་བཟོ་ལས་ཚོགས་པས་མཐུན་རྐྱེན་སྦྱར་ནས་རིན་མེད་ཀྱིས་རྒྱ་གར་དང་བོད་ཀྱི་གཞུང་འབྲེལ་ཡིན་མིན་གྱི་སྡེ་ཚན་མང་པོར་ཞལ་འདེབས་ཕུལ་ནས་ཞབས་འདེགས་ལེགས་པར་བྱུང་བས་རྒྱ་གར་གྱི་དཔོན་རིགས་ཁག་ནས་ཐུགས་རྗེ་ཆེ་ཞུའི་གཟེངས་བསྟོད་དང་བསྔགས་བརྗོད་ཀྱི་ལག་ཁྱེར་ཡང་ཐོབ་ཡོད།
ཕྱི་ལོ་ ༢༠༢༡ ལོར་སྐབས་ ༡༧ པའི་སྤྱི་འཐུས་ཀྱི་ལས་ཁུར་ཞུས་པའི་སྐབས་རྒྱ་ནད་ཏོག་དབྱིབས་ན་ཚའི་ནད་རླབས་གཉིས་པའི་སྐབས་སུ་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་པ་ IBC དང་། Buddh Jyoti Foundation བརྒྱུད་ནས་བོད་མིའི་གཞིས་ཆགས་ཁག་༢༠ དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ ༨ ལ་སྲོག་སྐྱོབ་འཕྲུལ་ཆས་ (Oxygen Concentrator, Oxygen Cylinder, Medical Aids) སོགས་ཧིན་སྒོར་རོབ་རྩིས་བྱས་ན་འབུམ་ཕྲག་དྲུག་བཅུ་ལྷག་གིས་རོགས་རམ་དང་ཞབས་འདེགས་བསྒྲུབས་ཐུབ་པ་བྱུང་ཡོད་པ་དང༌། ད་ལྟ་སྐབས་ ༡༨ པའི་སྤྱི་འཐུས་ཀྱི་ལས་ཁུར་ཞུ་མུས་ཡིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།