མིང༌། དཀོན་མཆོག་ཡང་འཕེལ།

༄༅། །གུས་པ་བོད་མདོ་སྟོད་སྨར་ཁམས་སུ་སྐྱེས། ༡༩༩༣ ལོར་བལ་ཡུལ་བརྒྱུད་རྒྱ་གར་སྐྱབས་བཅོལ་ལ་འབྱོར། སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ནང་ཞུགས་ཏེ་ ༢༠༠༠ ལོར་འཛིན་རིམ་བཅུ་པའི་བསླབ་པ་མཐར་སོན། བོད་གཞུང་ཤེས་རིག་ལས་ཁུངས་ནས་བུམ་སྐྱོན་གསུམ་བྲལ་གྱི་སློབ་མ་རྩེ་ཕུད་ (Best boy award) ཀྱི་གཟེངས་རྟགས་ཐོབ། དེ་རྗེས་རྡ་སྟེང་བོད་ཁྱིམ་དུ་སློབ་ཞུགས་ཀྱིས་ ༢༠༠༢ ལོར་རྡ་སྟེང་བོད་ཁྱིམ་ནས་འཛིན་རིམ་བཅུ་གཉིས་ཀྱི་སློབ་གཉེར་ལེགས་ཐོན་བྱུང་། རྒྱལ་ས་ལྡི་ལིའི་གཙུག་ལག་སློབ་གཉེར་ཁང་དུ་ལོ་གསུམ་རིང་སྲིད་དོན་ཚན་རིག་ཐོག་སློབ་གཉེར་གྱིས་ ༢༠༠༥ ལོར་ཉེ་བའི་གཙུག་ལག་རབ་འབྱམས་པ་ (B.A Political Science) དང་། ༢༠༠༧ ལོར་སྲིད་དོན་ཚན་རིག་གི་གཙུག་ལག་རབ་འབྱམས་པའི་ (M.A.Political Science) བསླབ་པ་མཐར་སོན།

སློབ་གྲྭར་སྡོད་རིང་སློབ་གྲྭའི་སྤྱི་ཁྱབ་རྒན་བདག་དང་བུ་ཡི་སྡོད་ཁང་གི་རྒན་བདག ལྡི་ལི་བོད་ཁྱིམ་གྱི་སློབ་ཕྲུག་ཚོགས་པའི་ཚོགས་གཙོ། ལྡི་ལི་ས་གནས་གཞོན་ནུའི་ཚོགས་གཙོ་བཅས་སུ་འདེམས་ཐོན་བྱུང་བ་ལྟར་ཁུར་བབ་ཀྱི་ལས་སྣེ་ཚང་མ་སླ་བཅོས་ཙམ་མ་ཡིན་པར་གྲུབ་འབྲས་རྩེ་ཐོན་སོན་པ་བྱུང་ཡོད། ལྷག་པར་དུ་ ༢༠༠༧ ནས་བཟུང་ ༢༠༡༣ བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་སུ་འོས་འདེམས་ཐེངས་གཉིས་བྱུང་རིང་རྒྱལ་ས་ལྡི་ལིར་དུས་བཀག་མེད་པའི་ཟས་བཅད་ངོ་རྒོལ་བྱས་པ་དང་དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་དང་། རྒྱ་གར་བོད་མིའི་གཞིས་ཆགས་ཁག་དུ་མར་ཕྱིན་ནས་རྒྱ་གཞུང་གིས་བོད་མིའི་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ཐེར་འདོན་དང་བོད་མིའི་དཀའ་སྡུག་གི་གནས་བབ་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་སོགས་བྱས། གཞོན་ནུའི་རྒྱུན་ལས་ནས་འཕོས་རྗེས་སྨར་ཁམས་གྲགས་པ་རིན་པོ་ཆེ་མཆོག་གིས་གསར་འཛུགས་གནང་བའི་རྒྱལ་སྤྱིའི་བྱམས་བརྩེ་བདེ་རྩ་ཚོགས་པའི་དྲུང་ཆེའི་འགན་ཁུར་བྱེད་བཞིན་པ་ཡིན། ༢༠༡༦ ལོར་མདོ་ཁམས་རྒྱ་ཆེའི་མང་ཚོགས་ཀྱིས་སྐབས་ ༡༦ པའི་བོད་མི་མང་མདོ་སྟོད་སྤྱི་འཐུས་སུ་འོས་འདེམས་བྱུང་བ་དང༌། སླར་ཡང་ ༢༠༢༡ ལོར་སྐབས་ ༡༧ པའི་མདོ་སྟོད་སྤྱི་འཐུས་སུ་འདེམས་བྱུང་བ་ནས་བཟུང་བོད་ཀྱི་རྩ་དོན་དང་། བཙན་བྱོལ་བོད་མིའི་བདེ་ཐབས་བཅས་ཀྱི་ཆེད་འགན་ཁུར་ལྷོད་མེད་ཞུས་པ་དང༌། དམིགས་བསལ་སྤྱི་འཐུས་རྒྱུན་ལས་དང་། ཚོགས་ཆུང་ཁག་ནང་འགན་ཁུར་ཞུ་མྱོང་བ་མ་ཟད། རྒྱ་གར་དབུས་དང་མངའ་སྡེ་ཁག ཕྱི་རྒྱལ་ཡུལ་ཁག་བཅས་ནང་བོད་དོན་ཞུ་སྐུལ། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་གཉིས་དང་། དམིགས་བསལ་ཚོགས་ཆེན་སོགས་སུ་མཉམ་ཞུགས་བཅས་བྱས་བོད་བསྟན་སྲིད་མི་རིགས་ཆེད་འཐུས་ཀྱི་ལས་ཁུར་ཞུ་སྒོ་ཡོངས་རྫོགས་འཐུས་ཤོར་མེད་པར་བསྒྲུབས་དང་སྒྲུབ་བཞིན་ཡོད། ད་ལྟ་སྐབས་ ༡༨ པའི་སྤྱི་འཐུས་ཀྱི་འགན་འཁུར་ཞུ་མུས་ཡིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།