༄༅། །གུས་མི་འགྱུར་རྡོ་རྗེ་བོད་ལྗོངས་མངའ་རིས་མངའ་ཁུལ་མཐོ་ལྡིང་དུ་སྐྱེས། བཙན་བྱོལ་དུ་འབྱོར་ཉིད་༸གོང་ས་༸སྐྱབས་མགོན་ཆེན་པོས་དབུ་འཁྲིད་པའི་བོད་གཞུང་དང་རྒྱ་གར་གཞུང་གི་མཐུན་འགྱུར་བཀའ་དྲིན་འོག་གཞི་རིམ་སློབ་གྲྭ་དང༌། ཕྱི་ལོ་ ༡༩༧༥ ལོར་མཐོ་སློབ་ཐོན། ༡༩༧༦ ལོར་གཞུང་ཞབས་སུ་ཞུགས། མི་ལོ་ཧྲིལ་པོ་ ༣༧ རིང་གཞུང་ཞབས་ཞུས་ཁོངས་འགན་ཁུར་ཆེ་གྲས་ལྡི་དོན་དྲུང་ཆེ། ༸གོང་ས་༸སྐྱབས་མགོན་ཆེན་པོར་འཆར་འབུལ་ཕྱག་རྟགས་རིན་པོ་ཆེའི་དགོངས་དོན་ ༡༩༩༡ ལོར་ལྡི་ལི་སྐུ་ཚབ་དོན་གཅོད་དང༌། ༡༩༩༥ ལོར་བཀའ་ཤག་གི་ཆབ་སྲིད་དྲུང་ཆེ། ༡༩༩༧ ལོར་ཕྱག་རྟགས་རིན་པོ་ཆེའི་དགོངས་དོན་ཨིན་ལེན་སྐུ་ཚབ་དོན་གཅོད་དང་། དེ་རྗེས་ཡོ་རོབ་སྤྱི་མཐུན་རྒྱལ་ཁབ། ལྷོ་ཨ་ཕི་རི་ཁ་བཅས་ནང་སྐུ་ཚབ་དོན་གཅོད་ཀྱི་ལས་འགན་ལོ་ ༡༥ རིང་ཞུས།

ཕྱི་ལོ་ ༢༠༠༥ ལོར་ཕྱག་རྟགས་རིན་པོ་ཆེ་ཕེབས་དགོངས་བཀའ་ཁྲི་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་བཀའ་ཤག་སྐབས་༡༢ དང་ ༡༣ བཅས་སུ་བཀའ་དྲུང་གི་འགན་ཁུར་ཞུས། དམ་གཙང་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་མང་ཚོགས་ཀྱི་ཐུགས་རེ་བཞིན་གྲོས་ཚོགས་སྐབས་ ༡༦ དང་ ༡༧ བཅས་སུ་ཆོལ་ཁའི་སྤྱི་འཐུས་སུ་འདེམས་ཐོན་བྱུང༌། ལས་ཡུན་འདིའི་ནང་གཙོ་བོ་མང་ཚོགས་ཀྱི་མངོན་འདོད་དང་རང་ཉིད་ཀྱི་དམ་བཅའ་བཅས་དམ་འཛིན་གྱིས་༸གོང་ས་མཆོག་གི་མཚན་སྙན་དང་རླབས་ཆེན་མཛད་འཕྲིན་ལ་ཕྱི་ནང་སུ་ཐད་ནས་དོ་ཕོག་འབྱུང་གཞིའི་ངན་འཆར་རིགས་ལ་དངོས་ཤུགས་བརྒྱུད་གསུམ་ནས་གདོང་ལེན་ཐེ་ཚོམ་མེད་པ་ཞུས་དང་ཞུ་བཞིན་མཆིས།

༸རྒྱལ་བའི་དགོངས་གཞི་དང་བོད་མིའི་སྒྲིག་འཛུགས་ཀྱི་བོད་དོན་བདེན་མཐའ་གསལ་ཐབས་སུ་དབུ་མའི་ལམ་གྱི་མཛད་བྱུས་ལ་ཡིད་ཆེས་བརྟན་པོའི་ཐོག་ལོ་མང་སྲི་ཞུའི་ཉམས་མྱོང་ལ་གཞིགས་ཏེ་འཛིན་སྐྱོང་ལ་དགེ་སྐྱོན་ཡོ་བསྲང་དང་ཕྱར་གྲུ་མཉམ་འདེགས་ཞུ་འོས་གྲོས་ཚོགས་ཙམ་དུ་མིན་པ་གོ་སྐབས་ནམ་བྱུང་ལ་གནད་དོན་འདི་ཐོག་མང་ཚོགས་ལའང་གོ་བསྐོན་གསལ་བཤད་ཞུས་ཤིང༌། རྒྱ་ཆེ་མང་ཚོགས་ནས་བོད་བསྟན་སྲིད་མི་རིགས་བཅས་ཀྱི་ཆེད་ཁྲིམས་མཐུན་དང་། དྲང་བདེན། ཆེ་མཐོང་ལྡན་པའི་དགོངས་འཆར་དང་ལས་འགུལ་ནམ་བྱུང་ལ་གུས་རྩི་ཆེན་པོའི་ངང་རྒྱབ་སྐྱོར་ཞུས་དང་ཞུ་བཞིན་ཡོད། ད་ལྟ་སྐབས་ ༡༨ པའི་དབུས་གཙང་སྤྱི་འཐུས་ཀྱི་ལས་འཁུར་ཞུ་མུས་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།