མིང༌། བསྟན་འཛིན་ཆོས་འཛིན།
སྤྱི་འཐུས་བསྟན་འཛིན་ཆོས་འཛིན་ནི་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་རྒྱ་གར་བྱང་ཕྱོགས་བཞུགས་སྒར་རྡ་རམ་ས་ལར་སྐྱེས་ཤིང་། རྡ་སྟེང་བོད་ཁྱིམ་སློབ་གྲྭ་ནས་འཛིན་རིམ་བཅུ་པ་དང་། གོ་པལ་པུར་བོད་ཁྱིམ་སློབ་གྲྭ་ནས་འཛིན་གྲྭ་བཅུ་གཉིས་ཐོན་རྗེས། མཱ་རྡ་ར་སི་ཡི་ཤུའི་མཐོ་སློབ་ (Madras Christian College) ནས་ཨིན་ཡིག་རྩོམ་རིག་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་པ་དང་། དེ་ནས་ལྡི་ལིར་རྟེན་གཞི་བྱས་པའི་ནེ་རུ་གཙུག་ལག་སློབ་གཉེར་ཁང་ (Jawaharlal Nehru University) ནས་ཨིན་ཡིག་རྩོམ་རིག་ཐོག་གཙུག་ལག་རབ་འབྱམས་པ་ཐོན། གཞན་ཡང་ཁོང་གིས་ཁེ་ན་ཌ་རྒྱལ་ཁབ་ནང་རྟེན་གཞི་བྱས་པའི་ Coady Institute ཞེས་པའི་གཙུག་ལག་སློབ་གཉེར་ཁང་ནས་སྤྱི་ཚོགས་ཡར་རྒྱས་ཐོག་བུད་མེད་ཀྱི་འགོ་ཁྲིད་གནང་ཕྱོགས་ (Women’s Leadership for Community Development) ཞེས་པའི་སློབ་ཚན་ཐོག་བསླབ་པ་མཐར་སོན་ཏེ། མཐོ་སློབ་དེའི་སློབ་ཟུར་ཞིག་ཀྱང་ཆགས་ཀྱི་ཡོད།
མཱ་རྡ་ར་སི་ཡི་ཤུ་མཐོ་སློབ་དང་ནེ་རུ་གཙུག་ལག་སློབ་གཉེར་ཁང་དུ་སློབ་སྦྱོང་བྱེད་ཞོར། མཱ་རྡ་ར་སི་བོད་ཕྲུག་ཚོགས་པ་ (Tibetan Student’s Association of Madras) དང་། ལྡི་ལི་ནེ་རུ་གཙུག་ལག་སློབ་གཉེར་ཁང་གི་བོད་དོན་གླེང་སྟེགས་ (Tibet Forum) ཞེས་པ་བཅས་ཀྱི་ཚོགས་མི་འགན་ཁུར་ཆེ་བཞེས་གནང་མཁན་གྱི་ཞིག་ཆགས་ཀྱི་ཡོད། གཞན་ཡང་ཕྱི་ལོ་ ༢༠༡༤ དང་། ༢༠༡༥ ལོར་རྡ་སྟེང་བོད་ཁྱིམ་སློབ་གྲྭར་དགེ་རྒན་གྱི་ལས་དོན་ཉམས་གསོག་གནང་ཡོད།
ཕྱི་ལོ་ ༢༠༡༦ ལོ་ནས་བཟུང་དངོས་སུ་རང་ཉིད་ཀྱི་ཆེད་ལས་དང་འབྲེལ་བའི་ལས་ཀ་བྱེད་འགོ་བཙུགས་ཤིང་། དེ་ཡང་ཐོག་མར་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ལས་འཆར་འགན་འཛིན་དང་། དེ་རྗེས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ན་གཞོན་རོགས་སྐྱོར་ཚན་པའི་ཁྱབ་ཁོངས་བོད་མིའི་མདུན་ལམ་སློབ་སྟོན་ཁང་གི་འགན་འཛིན་དང་། ཕྱི་ལོ་ ༢༠༢༡ ལོར་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་གི་སྤྱི་ཁྱབ་འགན་འཛིན་དུ་བསྐོ་གཞག་བྱུང་ཡོད། ཆེད་ལས་དང་འབྲེལ་བའི་ཉམས་མྱོང་ནང་། ལས་རིགས་སྦྱོང་བརྡར་དང་། མདུན་ལམ་སློབ་སྟོན། ལས་འཆར་དང་ལས་གཞི་སྟངས་འཛིན། འཛིན་སྐྱོང་། དཔལ་འབྱོར་བསྡུ་རུབ། ན་གཞོན་དང་བུད་མེད་ནུས་སྟོབས་གོང་སྤེལ་བཅས་ཀྱི་ལས་དོན་ཐོག་ཉམས་མྱོང་གང་ལེགས་ཐོབ་ཡོད། གཞན་ཡང་ཁོང་གིས་རྒྱ་གར་ནང་རྟེན་གཞི་བྱས་པའི་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་དང་། བསྟི་གནས་ཁང་བཅས་ལ་ཟབ་སྦྱོང་དང་། ཤེས་ཡོན་སྦྱོང་བརྡར། སློབ་སྟོན་སོགས་གནང་ཡོད་པ་དང་། དེ་བཞིན་ཡུ་རོབ་དང་། ཨོ་སི་ཀྲོ་ལི་ཡ། ཁེ་ན་ཌ་བཅས་ཀྱི་གཟའ་མཇུག་སློབ་གྲྭའི་ནང་ལའང་ཤེས་ཡོན་སློབ་གསོ་དང་ཟབ་སྦྱོང་སོགས་གནང་ཐུབ་ཡོད།
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་སུ་བདམས་ཐོན་བྱུང་རྗེས། ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༢ ཉིན་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཞུས་ཏེ། སྐབས་དེར་སྤྱི་འཐུས་ལོ་ན་ཆུང་ཤོས་དེ་ཆགས་ཡོད། སྐབས་ ༡༧ པའི་ལས་ཡུན་རིང་། རྒྱ་གར་ནང་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ས་བགོས་ཕྱོགས་བསྐྱོད་ཀྱིས་མི་མང་གི་བདེ་སྡུག་གཟིགས་ཞིབ་དང་། དེ་བཞིན་ཡུ་རོབ་ནང་བོད་དོན་ཞུ་སྐུལ་དང་། ༢༠༢༤ ལོར་ཨ་རིའི་གྲོང་ཁྱེར་ཤཱི་ཀ་ཀོར་རྒྱལ་སྤྱིའི་དབུ་ཁྲིད་ཀྱི་ཚོགས་འདུར་མཉམ་ཞུགས། ༢༠༢༥ ལོར་ཉི་འོང་རྒྱལ་ཁབ་ཏུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པར་མཉམ་ཞུགས་གནང་བ་སོགས་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ནང་བོད་དོན་ཞུ་སྐུལ་སོགས་ཀྱི་ལས་རིམ་ཐོག་གང་ཐུབ་ཀྱིས་ཆ་ཤས་བླངས་ཐུབ་ཡོད། སྐབས་ ༡༨ པའི་སྤྱི་འཐུས་སུ་སླར་ཡང་བདམས་ཐོན་བྱུང་རྗེས། ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༣༡ ཉིན་སྤྱི་འཐུས་ཀྱི་ལས་ཁུར་དམ་བཅའ་འབུལ་བཞེས་ཀྱིས་ད་ལྟ་མུ་མཐུད་སྤྱི་འཐུས་ཀྱི་ལས་འཁུར་ཞུ་བཞིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།