མིང་། དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན།

དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ནི་མདོ་ཁམས་ནག་ཆུ་ཧོར་སྦྲ་ཆེན་དུ་སྐྱེས་ཤིང་ཆུང་ནས་ཡི་གེ་འབྲི་ཀློག་དང་། བརྡ་དག་སྙན་ངག བོད་ཀྱི་གསོ་བ་རིག་པ། ཨ་ཀྲོང་གཡུང་དྲུང་མཐོང་གྲོལ་གླིང་ཚོགས་ཆེན་དབུ་མཛད། ཆོ་ག་ཕྱག་ལེན་སོགས་སློབ་སྦྱོང་ལོ་མང་རིང་བྱས། ཕྱི་ལོ་ ༢༠༠༥ ལོར་རྒྱ་གར་དུ་འབྱོར་ནས་བགྲང་བྱ་བཅོ་ལྔའི་རིང་དུ་གདན་ས་སྨན་རིར་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་ཁག་ལ་ཐོས་བསམ་སྒོམ་སྒྲུབ་ཀྱི་སློབ་སྦྱོང་དང་། ཐུན་མོང་རིག་གནས་བརྡ་དག་སྙན་ངག རྩིས་དཀར་ནག ཐིག་རྡུལ་ཚོན་སྨན་དང་བཅས་པ་སློབ་སྦྱོང་མཐར་ཕྱིན་ཏེ་ ༢༠༢༠ ལོར་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་ཐོབ།

ལས་ཀའི་ཉམས་མྱོང་སྐོར། གཡུང་དྲུང་བོན་གྱི་དཔེ་མཛོད་དང་། གཡུང་དྲུང་བོན་གྱི་དྲ་རྒྱ། སྨན་རི་ཚང་གི་རྒྱུན་ལས། གདན་ས་སྨན་རིའི་གྲ་ཚང་གི་སྤྱི་གཉེར་ཆེན་མོ།   ས་གནས་འཐུས་ཚོགས་ཀྱི་ཚོགས་མི་དང་ཚོགས་གཞོན་བཅས་སྐབས་གསུམ་རིང་ལས་ཁུར་ཞུས།  གསོ་རིག་འབུམ་བཞིའི་འགན་འཛིན་ལྷན་ཚོགས་ཀྱི་དྲུང་ཆེ། ཕྱི་གླིང་བོན་ཚོགས་ཀྱི་དྲུང་ཆེ། བོད་ཀྱི་བོན་པོའི་ཚོགས་པའི་རྒྱུན་ལས་དང་། བོན་སྒོ་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་ཚོགས་མི། སྤྱི་འཐུས་ཡིན་སྐབས་སྤྱི་ལྷན་གྱི་ཚོགས་ཆུང་མང་པོའི་ཚོགས་གཙོ་དང་དྲུང་ཆེ་བཅས་ཀྱི་ལས་ཁུར་ཞུས། གཞན་ཡང་རྒྱལ་སྤྱིའི་ཐོག་བོད་དོན་ཞུ་གཏུགས་མང་པོ་ཆེད་བཅར་ཞུས།

རྒྱལ་སྤྱིའི་ཚོགས་འདུའི་སྐོར། རྒྱལ་སྤྱིའི་བོད་རིག་པའི་བགྲོ་གླེང་ཚོགས་ཆེན་ཁག་དང་། རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་དང་། གཞན་ཡང་མཐོ་སློབ་ཁག་ལ་རྒྱལ་རབས་ལོ་རྒྱུས་རིག་གནས་སོགས་བགྲོ་གླེང་གཏམ་བཤད་དུ་མར་བྱས་དང་བྱེད་བཞིན་ཡོད།

རྩོམ་རིག་སྐོར།  སྔ་ཕྱིར་དཔྱད་རྩོམ་ལོ་རྒྱུས་དེབ་ཕྲེང་གཉིས་དང་། བོད་ཀྱི་ལོ་རྒྱུས་རིག་གནས་རྣམ་ཐར་སོགས་དེབ་གྲངས་བཅུ་ལྷག་རྩོམ་སྒྲིག་བྱས། བོད་མི་མང་སྤྱི་ཚོགས་སུ་མང་གཙོ་དང་འབྲེལ་བའི་དེབ་གཉིས་རྩོམ་སྒྲིག་བྱས། གཞན་ཡང་བོན་སྒོ་གཙོས་པའི་བོད་ཕྱི་ནང་གི་དུས་དེབ་དང་དྲ་རྒྱ་སོགས་ལ་རྩོམ་རིགས་སྣ་མང་སྤེལ་དང་སྤེལ་བཞིན་ཡོད།

ད་ལྟའི་ལས་གནས། དབུས་གཡུང་དྲུང་བོན་གྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི། བོད་མི་མང་སྤྱི་འཐུས་བཅས་བྱེད་མུས་ཡིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།