མིང༌། དགེ་བཤེས་ཨ་ཀྲུག་ཚེ་བརྟན།

དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ནི་ཆུང་དུས་ནས་ལི་ཐང་དགོན་ཆེན་གྱི་ཆོས་སྒོར་ཞུགས་ཞིང་། ཕྱི་ལོ་ ༡༩༩༡ ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས། གཞུང་ལུགས་རབ་འབྱམས་སྨྲ་བའི་དགེ་བའི་བཤེས་གཉེན་དུ་མ་ཚུལ་བཞིན་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་མཐར་ཕྱིན། ༢༠༡༥ ལོར་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་ལེགས་པར་གྲུབ་སྟེ་དགེ་བཤེས་ལྷ་རམས་གནས་རིམ་དང་པོའི་མཚན་གནས་ཐོབ། ༢༠༡༡ ལོ་ནས་རི་བོ་དགེ་ལུགས་པའི་གྲྭ་བཙུན་གཉིས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་གྱིས་སྐབས་ ༡༥ དང་། སྐབས་ ༡༦ དང་སྐབས་༡༧ བཅས་སུ་དགེ་ལུགས་སྤྱི་འཐུས་ལ་བདམས། ༢༠༡༤ ལོར་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ནས་དགེ་ལུགས་ཡོངས་ཀྱི་རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་གྱི་རྒྱུན་ལས་ཚོགས་ཆུང་གི་ཚོགས་གཙོར་བསྐོས། དེ་བཞིན་མོན་གྷོ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དྲུང་ཆེ་དང་། འབྲས་སྤུངས་སྒོ་མང་གྲྭ་ཚང་གི་འཐུས་མི། མདོ་ཁམས་ལི་ཐང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་སློབ་སྟོན་པ་བཅས་གནང་། ད་ལྟ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་འོས་བསྡུ་ཚོགས་ཆུང་གི་ཚོགས་གཙོ་དང་། བཀའ་སྤྱིའི་བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་ཚོགས་ཆུང་གི་ཚོགས་གཙོ། བོད་མི་མང་དགེ་ལུགས་སྤྱི་འཐུས་བཅས་ཀྱི་ལས་དོན་སྒྲུབ་མུས་ཡིན། སྐབས་དེ་དག་གི་རིང་ལ་༸སྐྱབས་མགོན་དོན་གྱི་བདག་པོའི་བཀའ་དགོངས་དང་མཐུན་པའི་ཕྱོགས་སུ་རང་ནུས་གང་ལྕོགས་ཀྱིས་ལས་དོན་ཆེ་ཕྲ་ཆུང་གསུམ་ཇི་སྙེད་ཅིག་བསྒྲུབས་ཡོད། ད་ལྟ་སྐབས་ ༡༨ པའི་སྤྱི་འཐུས་ཀྱི་ལས་ཁུར་ཞུ་བཞིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ། །