མིང་། དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ། 

ཆུང་དུས་སློབ་ཆུང་འགྲིམས་རྗེས་འབའ་རྫིང་དགོན་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་འདོན་རྟ་དབྱངས་སོགས་ལ་སློབ་སྦྱོང་བྱས། ༡༩༩༢ ལོར་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ཞུགས་ཏེ་ ༢༠༠༩ བར་ལོ་བཅུ་ཕྲག་གཉིས་མ་ཟིན་ཙམ་གྱི་རིང་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་ཚུལ་བཞིན་བྱས་འབྲས་བཀའ་པོད་ལྔ་སོ་སོའི་རབ་འབྱམས་པའི་ཕྱག་ཁྱེར་རིམ་གྱིས་ཐོབ། དེ་ནས་དགེ་ལྡན་ལུགས་བཟང་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་འཛུལ་ཞུགས་ཀྱིས་བཀའ་རམས་ལོ་རིམ་གཉིས་དང་། སློབ་དཔོན་ལོ་རིམ་གཉིས། ལྷ་རམས་ལོ་རིམ་གཉིས་རིམ་བཞིན་ལེགས་པར་ཐོན་དགེ་བཤེས་ལྷ་རམས་པའི་དམ་འཇོག་གནང་།

དེ་རྗེས་ལོ་བཞིའི་རིང་སློབ་གཉེར་བའི་དཀའ་སེལ་སླད་གྲྭ་ཤག་དང་ཚོམས་ཆེན་གསར་རྒྱག་སོགས་ཀྱི་ཨར་ལས་ལས་གཞིའི་གཙོ་འགན་ཞུས། མོན་གྷོ་རུ་སྐབས་ ༡༧ དང༌ ༡༨ ཀྱི་ས་གནས་རང་བཙན་ཚོགས་ཆུང་གི་ཚོགས་གཙོའི་ལས་འགན་ཞུས། ས་གནས་གྲོས་ཚོགས་སྐབས་གསུམ་རིང་འགན་ཁུར་ཞུས་པ་དང༌། ཆུ་སྒང་སྐབས་ ༡༩ དང་སྐབས་ ༢༠ ཆུ་སྒང་དབུས་རྒྱུན་གྱི་ལས་ཁུར་ཞུས།

དེ་རྗེས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ དང་ ༡༧ གཉིས་རིམ་པས་འདེམས་ཐོན་བྱུང་སྟེ་གཞིས་བཞུགས་བོད་མིའི་བདེ་སྡུག་ཆེད་རྒྱལ་སྤྱིའི་ཐོག་དཔོན་རིགས་ཁག་གཙོས་པའི་ཆབ་སྲིད་ཚོགས་པ་ཁག་ཏུ་ཞུ་གཏུགས་ཐེངས་མང་ཆེད་བཅར་ཞུས། གཞན་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༩ པའི་ཚོགས་མི་དང༌། བཅའ་ཁྲིམས་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི། སྔོན་རྩིས་འཆར་རྩིས་ཚོད་དཔག་ཚོགས་ཆུང་གི་ཚོགས་གཙོ། གཞན་ཡང་ཚོགས་ཆུང་ཁག་མང་པོར་མཉམ་ཞུགས་དང༌། སྤྱི་འཐུས་སྐབས་གཉིས་རིང་སྔ་རྗེས་སུ་སྤྱི་འཐུས་རྒྱུན་ལས་ཀྱི་ལས་ཁུར་ཞུས་ཡོད་པ་བཅས་ཀྱི་ངོ་སྤྲོད་སྙིང་བསྡུས།