མིང༌། མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས།

མཁན་པོ་ཀཿ  བྲག་དངོས་གྲུབ་བསོད་ནམས་མཆོག་ནི། བོད་ཁམས་མདོ་སྨད་ས་ཡི་ཐིག་ལེ་ཏྲེ་ཧོར་དཀར་མཛེས་ཀཿ  བྲག་གྲོང་དུ་། ཡབ་དངུལ་ལྡོང་ཚང་བུ་བློ་བཟང་ཚེ་རིང་དང་། ཡུམ་ཀཿ བྲག་བསྟན་ལྡན་ཚང་གི་བུ་མོ་ཡེ་ཤེས་ལྷ་མཚོ་གཉིས་ཀྱི་སྲས་སུ་སྤྱི་ལོ་ ༡༩༧༩ ལོར་སྐུ་འཁྲུངས།

༡༽ ཤེས་ཡོན་དང་སློབ་གཉེར་གྱི་བརྒྱུད་རིམ།

ཁོང་དགུང་ལོ་བདུན་ནས་བཟུང་ས་གནས་སློབ་གྲྭར་ཞུགས་ཏེ། གཞི་རིམ་ནས་མཐོ་རིམ་སློབ་མའི་བར་རིམ་བཞིན་གསན་བསམ་ལེགས་པར་གནང་སྟེ་སློབ་མཐར་ཕྱིན། ༡༩༩༦ ལོར་དཀར་མཛེས་ཟླ་ཐང་མ་ལྟེ་བའི་སློབ་ཆུང་གསུམ་པའི་དགེ་རྒན་གྱི་ཐུགས་འགན་བཞེས། ༡༩༩༨ ལོར་ཆབ་སྲིད་ཀྱི་རྐྱེན་པས་འཕགས་ཡུལ་དུ་ཕེབས་ཏེ། དཔལ་རྫོང་གསར་བཤད་གྲྭ་ཆེན་མོར་གཞུང་ཆེན་བཀའ་པོད་ལ་ཐོས་བསམ་སློབ་གཉེར་གྱི་དབུ་བརྩམས།

བཀའ་རམས་པའི་མཚན་གནས། ༢༠༠༢ ལོར་དབུ་ཚད་མངོན་གསུམ་གྱི་གཞུང་ལ་གསན་སྦྱོང་མཐར་ཕྱིན་ཏེ་བཀའ་རམས་པའི་ཕྱག་ཁྱེར་བཞེས།

བཀའ་བཅུ་པའི་མཚན་གནས། ༢༠༠༥ ལོར་གཞུང་ཆེན་བཀའ་པོད་དྲུག་ལ་གསན་སྦྱོང་ལེགས་གྲུབ་ཀྱིས་བཀའ་བཅུ་པའི་མཚན་གནས་བརྙེས།

སློབ་དཔོན་གྱི་ཕྱག་ཁྱེར། ༢༠༠༧ ལོར་གཞུང་ཆེན་གྲགས་ཆེན་བཅོ་བརྒྱད་ལ་གསན་སྦྱོང་མཐར་ཕྱིན་ཏེ་རྩེར་སོན་སློབ་དཔོན་གྱི་ཕྱག་ཁྱེར་བཞེས།

མཁན་པོའི་མཚན་གནས། ༢༠༠༧ ཟླ་ ༣ ཚེས་ ༡༢ ཉིན། རྫོང་གསར་གཙུག་ལག་སློབ་གཉེར་ཁང་གི་འཛིན་སྐྱོང་ལྷན་ཚོགས་ནས་སྤྱི་མོས་ཐོག་གཞུང་ལུགས་རབ་འབྱམས་སྨྲ་བའི་མཁན་པོའི་ཅོད་པན་བཅིངས།

༢༽ མཛད་འགན་དང་ཕྱག་ལས།

བལ་ཡུལ་ཁྲ་རིགས་བཤད་གྲྭའི་མཁན་པོར་མངའ་གསོལ་བ་ལྟར་ལོ་ངོ་དྲུག་ལྷག་ཙམ་རིང་ལས་ཐོག་མཁན་པོའི་ཐུགས་འགན་བཞེས།

བོད་ཁྱིམ་སློབ་གྲྭར་ལྟ་གྲུབ་སློབ་དཔོན་གྱི་ཐུགས་འགན་ལོ་ངོ་དྲུག་ཙམ་རིང་བཞེས་ཏེ་སློབ་མ་མང་པོ་གསོ་སྐྱོང་གནང་།

སྤྱི་ལོ་༡༩༩༩ ལོར་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་སུ་ཞུགས་པ་དང་། ༢༠༠༠ ལོར་རྒྱུན་ལས་ཀྱི་འགན་བཞེས།

༣༽ བརྩམས་ཆོས་ཁག

《གངས་ལྗོངས་གསེར་རི་ཕོ་བྲང་པོ་ཏཱ་ལ།》

《བོད་ཀྱི་རྒྱལ་རབས་ཀུན་བཏུས་རགས་བསྡུས།》(བོད་ནས་པར་སྐྲུན་བྱས།)

《བལ་ཡུལ་ཁྲ་རིགས་མཁན་པོ་བསྟན་འཛིན་གྱི་རྣམ་ཐར་ལེགས་བཤད་མཆོད་སྤྲིན།》

《མཁན་ཆེན་ཀུན་དགའ་དབང་ཕྱུག་གི་རྣམ་ཐར།》(བོད་ནས་པར་སྐྲུན་བྱས།)

《ཨ་མའི་ནུ་རིན།》

《བླ་སྲོག་ལས་འཕོས་པའི་རྟོགས་སད་ཀྱི་མེ་ལྕེ།》

《བློ་རིགས་དང་རྟགས་རིགས་ཀྱི་དཀའ་འགྲེལ་བློ་གྲོས་འབྱེད་པའི་ལྡེ་མིག》

《ཀུན་མཁྱེན་གོ་རམས་པའི་རྣམ་ཐར་མཁས་ཀུན་དགའ་བའི་མཛེས་རྒྱན།》

《རྟགས་སྦྱོར་རིག་འཕྲུལ་སྣང་བ།》

《ཀཿ  བྲག་དབུ་མའི་ལྟ་བའི་གད་རྒྱངས།》

《དཔལ་ས་སྐྱའི་རྒྱ་བོད་འབྲུག་གསུམ་དང་ཕྱི་རྒྱལ་ཁག་བཅས་ཀྱི་ཆོས་སྡེ་མཚན་ཐོ་ཀུན་བཏུས།》

《བསྡུས་བློ་རྟགས་གསུམ་གྱི་དྲི་ལན་ཀུན་བཏུས།》

《སྤྱོད་འགྲེལ་ལེགས་བཤད་འདྲེན་པའི་ཕོ་ཉ།》

《རྟེན་འབྲེལ་སྙིང་པོའི་ཚིག་ལེའུར་བྱས་པའི་བསྡུས་འགྲེལ་མུན་སེལ་སྒྲོན་མེ།》

《ཀཿ བྲག་མགར་གྱི་རུས་མཛོད།》

《དཔལ་ས་སྐྱའི་སྤྱི་འཐུས་བྱུང་རིམ་གྱི་ལོ་རྒྱུས་སྙིང་བསྡུས།》

《ཉེ་རབས་བྱུང་བའི་གདོང་ཐོག་དགོན་གྱི་མི་སྣ་ཁག་གི་ལོ་རྒྱུས་ཐོར་བུ།》

《ས་ཞུ་མཐོང་གྲོལ་རིན་པོ་ཆེ།》

《སེམས་ཉིད་ངལ་གསོའི་ཀུན་བཏུས།》

《མཐའ་བྲལ་ཟབ་མོ་དབུ་མའི་ལྟ་བའི་གནད་བསྡུས་ལེགས་བཤད་བདུད་རྩིའི་ཟེགས་མ།》

རྩོམ་སྒྲིག་གནང་བའི་དེབ་ཕྲེང་དང་དཔྱད་རྩོམ་ཁག་འདིའི་ནང་དུ་བཀོད་མེད། དཔར་སྐྲུན་མ་བྱས་པའི་རྩོམ་ཆོས་ ༣ ཙམ་བཞུགས། དེ་བཞིན་དྲ་ཚིགས་དང་དུས་དེབ་ཁག་ཏུ་རྩོམ་ཡིག་མང་པོ་སྤེལ་གནང་བ་མ་ཟད། སྤྱི་སྒེར་གྱི་ཡིག་ཆ་དང་ལོ་རྒྱུས་མང་པོ་རྩོམ་སྒྲིག་གནང་བའི་མཛད་རྗེས་ཀྱང་ཆེའོ།།

༤༽ སྤྱི་འཐུས་དང་སྤྱི་ཚོགས་ཞབས་ཞུ།

སྤྱི་འཐུས་ཀྱི་མཛད་འགན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐབས་ ༡༦ དང་ ༡༧ པའི་དཔལ་ལྡན་ས་སྐྱའི་སྤྱི་འཐུས་སུ་གདམ་ཐོན་བྱུང་།

ཚོགས་ཆུང་ཁག་གི་འགན་འཁུར། ༢༠༢༡-༢༢ ལོའི་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཁྲར་ཞིབ་འཇུག་ཚོགས་ཆུང་གི་ཚོགས་གཙོ་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་དྲུང་ཆེ། མང་ཚོགས་རྩིས་ཁྲ་ཚོགས་ཆུང་སྐབས་ ༩ པའི་དྲུང་ཆེ་བཅས་ཀྱི་ཐུགས་འགན་བཞེས།

སྤྱི་ཚོགས་ཚོགས་པ། ཁམས་པའི་སྨྱུག་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་། ད་ལྟའི་ཆར་ཏྲེ་ཧོར་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས་བཞིན་པ་མ་ཟད། སླར་ཡང་སྐབས ༡༨ པའི་དཔལ་ས་སྐྱ་པའི་སྤྱི་འཐུས་ཀྱི་གདམ་ཐོན་དང་སྦྲགས་བསྒྲུབ་བྱའི་མཛད་འགན་རྣམས་ཀྱང་འཁུར་བཞེས་མུས་ལགས་སོ།