མིང༌། སློབ་དཔོན་ཐུབ་བསྟན་རྒྱལ་མཚན།
བོད་ཤར་ཕྱོགས་སྨར་ཁམས་སྒང་སྤོམ་མདའ་ཚང་གི་མངའ་འབངས་ལྷ་འདུས་གོ་མོ་ནང་ས་སྲུང་ཚང་གི་ཁྱིམ་རྒྱུད་དུ་སྐྱེས། རང་ལོ་བརྒྱད་ཐོག་དཔལ་ལྡན་ལྕང་མགོ་དགོན་བརྩེ་ཆེན་བཤད་སྒྲུབ་ཐེག་མཆོག་གླིང་དུ་ཆོས་སྒོར་ཞུགས་ནས་དབྱངས་གསལ་ཕྱི་མོ་སྦྱང་འགོ་ཚུགས། རང་ལོ་བཅོ་ལྔའི་ཐོག་རབ་འབྱམས་པ་སེ་དམུ་དཔལ་ལྡན་གཙོས་པའི་བཤེས་གཉེན་དུ་མའི་ཞབས་རྡུལ་རེག་ནས་བརྡ་དག་དང་ནང་ཆོས་སོགས་ལ་སྦྱང་པ་གནང་།
ཕྱི་ལོ་ ༢༠༠༠ ལོར་བཙན་བྱོལ་དུ་འབྱོར་ནས་བྱེས་ཀྱི་དཔལ་ལྡན་ས་སྐྱའི་གདན་ས་རཱཇ་པུར་ས་སྐྱ་ཆོས་སྒར་དུ་འཛུལ་ཞུགས་བྱས། ༸སྐྱབས་མགོན་༸གོང་མ་ཡབ་སྲས་རྣམ་པ་དབུ་བཞུགས་ཐོག་ཕུར་སྒྲུབ་འདོན་པ་ཆེན་པོའི་རྒྱུགས་སྤྲོད་ཕུལ་ནས་ཨང་རིམ་རྩེ་སོན་གྱིས་བྱ་དགའ་ཐོབ། ཕྱི་ལོ་ ༢༠༠༣ ནས་དཔལ་ས་སྐྱའི་མ་དགོན་བཤད་གྲྭར་ྋསྐྱབས་མགོན་༸གོང་མ་ཁྲི་འཛིན་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་དབུས་པའི་བཤེས་གཉེན་རྣམ་པའི་དྲུང་ནས་ལོ་ངོ་བཅུ་ལྷག་མདོ་སྔགས་ཀྱི་གཞུང་ཆེན་ཁག་ལ་སྦྱང་པ་བྱས་ནས་བཀའ་བཅུ་པ་དང་སློབ་དཔོན་གནས་རིམ་དང་པོའི་ལག་འཁྱེར་ཐོབ། བཤད་གྲྭའི་དགེ་རྒན་དང་སྐྱོར་དཔོན་གྱི་ལས་འགན་ལོ་བཞིའི་རིང་ཁུར་ནས་གཞུང་ཆེན་ཁག་ལ་འཆད་ཁྲིད་བགྱིས།
ཕྱི་ལོ་ ༢༠༡༠ ལོར་དཔལ་ས་སྐྱྋསྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་ས་སྐྱའི་གཞིས་ཆགས་འཛིན་སྐྱོང་སྐབས་བཅུ་བཞི་པའི་འཐུས་མིར་ཐད་སྐོས་ཀྱི་ཕྱག་རྟགས་སྤྱི་སྩོལ་བྱུང་བས་ལོ་གསུམ་ཞབས་ཞུ་བསྒྲུབས། ཕྱི་ལོ་ ༢༠༡༤ ནས་ ༢༠༢༦ བར་ས་སྐྱའི་རྩོམ་སྒྲིག་ཁང་དུ་ཚིག་མཛོད་རྩོམ་སྒྲིག་གི་ལས་དོན་བསྒྲུབས།
ཕྱི་ལོ་ ༢༠༡༦ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ དང་ ༡༧ བཅས་ལ་ས་སྐྱའི་སྤྱི་འཐུས་སུ་འདེམས་ཐོན་བྱུང་སྟེ་སྤྱི་འཐུས་རྒྱུན་ལས་དང་ཚོགས་ཆུང་ཁག་གི་ལས་དོན། རྒྱ་གར་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གྲོས་ཚོགས་འཐུས་མི་མཇལ་འཕྲད་དང་བོད་དོན་ཞུ་གཏུག་སོགས་ཀྱི་ལས་དོན་འཐུས་ཤོར་མེད་པ་ཞུས། ད་ལྟའི་ཆར་སྐབས་ ༡༨ པའི་སྤྱི་འཐུས་ཀྱི་ལས་འཁུར་ཞུ་བཞིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ། །