མིང༌། པདྨ་མཚོ།

༄༅། །ཕྱི་ལོ་ ༡༩༨༦ ལོར་བོད་རྔ་བ་ཁུལ་རྐ་ཁོག་རྫོང་ངམ་ཁྱུང་མཆུ་རྫོང་དབལ་ཤུལ་རྨེ་བའི་མཐོང་སྨོན་སྡེ་བ་རུ་སྐྱེས། ཆུང་དུས་ནས་མཐོང་སྨོན་སྡེ་བའི་སློབ་ཆུང་དང་རྫོང་སློབ་འབྲིང་གཉིས་ནས་སློབ་མཐར་ཕྱིན་རྗེས། ཕྱིི་ལོ་ ༢༠༠༢ ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་ཆེད་གཉེར་སློབ་གྲྭར་ཡིག་རྒྱུགས་ཀྱི་ལམ་ནས་ཚུད་དེ་བོད་རྒྱ་ཡིག་སྒྱུར་ཐོག་ཆེད་སྦྱོང་བྱས། སློབ་གྲྭ་ཆུང་འབྲིང་དང་མཐོ་སློབ་བཅས་སུ་སློབ་སྦྱོང་བྱེད་སྐབས། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གྱི་གཞོན་ནུའི་རྩོམ་ཡིག་འགྲན་སྡུར་ཁྲོད་ཨང་གཉིས་པ་ཐོབ་པ་དང་། སི་ཁྲོན་ཞིང་ཆེན་བོད་ཡིག་ཆེད་གཉེར་སློབ་གྲྭ་ནས་ལོ་འཁོར་ཡིག་རྒྱུགས་ཁྲོད་ཨང་དང་པོ་ཐོབ་པར་བརྟེན། ཨ་དཀོན་རིན་པོ་ཆེ་མཆོག་ནས་ལོ་གསུམ་རིང་སློབ་ཡོན་བྱ་དགའ་གནང་། མཐོ་སློབ་ཀྱི་ལོ་གཉིས་ལ་སྤྱོད་ཡོན་གཙང་གསུམ་ལྡན་པའི་སློབ་མ་གཟེངས་ཐོན་གྱི་བྱ་དགའ་ཐོབ། ཕྱི་ལོ་ ༢༠༠༥ ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་ཆེད་གཉེར་སློབ་གྲྭ་ནས་གཙུག་ལག་རབ་འབྱམས་པ་མཐར་སོན།

སློབ་གྲྭ་ཐོན་པ་དང་ཁ་ཐུག་ལི་ཟིང་སྤང་རྒྱན་དཔར་ཁང་དུ་སློབ་གྲྭ་དང་ཚོགས་པ་ཁག་གི་དུས་དེབ་དང་སྒེར་དེབ་སོགས་ལ་ཞུ་དག་རྩོམ་སྒྲིག་གི་ལས་ཀ་བྱས། ཕྱི་ལོ་ ༢༠༠༥ ལོའི་ཟླ་ ༡༢ པའི་ནང་བཙན་བྱོལ་དུ་ཡོང་སྟེ་ཕྱི་ལོ་ ༢༠༠༦ ཟླ་ ༢ ཚེས་ ༢༥ ཉིན་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར། དེ་ནས་ཤེས་རབ་དགའ་ཚལ་སློབ་གླིང་དུ་ཟླ་ཤས་རིང་སློབ་སྦྱོང་བྱས་རྗེས་སྔ་གཞུག་ཏུ་སུ་ཇ་དང་། མཚོ་པདྨའི་འབྲི་གུང་དགོན་གཉིས་སུ་དགེ་རྒན་གྱི་ལས་ཀ་བྱས། ཕྱི་ལོ་ ༢༠༠༩ ལོར་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་གི་གསར་འགོད་པ་དང་། ཤམ་བྷ་ལ་བོད་ཡིག་དྲ་བའི་རྩོམ་སྒྲིག་པ་གཞོན་པའི་ལས་ཀ་བྱས། ཕྱི་ལོ་ ༢༠༡༣ ནས་བོད་ཀྱི་དུས་བབ་གསར་ཁང་དུ་གསར་འགོད་པའི་ལས་ཀ་བྱས་ཏེ། ཕྱི་ལོ་ ༢༠༡༨ ལོར་བོད་ཀྱི་དུས་བབ་གསར་ཁང་གི་རྩོམ་སྒྲིག་པར་བསྐོ་བཞག་གནང་བ་ལྟར་འགན་འཁུར་མུས་ཡིན་ལ། ལས་ཞོར་དུ་བོད་ཀྱི་གསར་འགོད་མཐུན་ཚོགས་དང་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་བཅས་བྱས་པ་དང་། ད་ལྟ་སྐབས་ ༡༧ པའི་སྤྱི་འཐུས་ཀྱི་ལས་ཁུར་ཞུ་བཞིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ། །