མིང༌། དཀོན་མཆོག་ཡང་འཕེལ།

༄༅། །ཕྱི་ལོ་ ༡༩༩༣ ལོར་བཙན་བྱོལ་དུ་འབྱོར་ནས་སུ་ཇ་བོད་ཁྱིམ་སློབ་གྲྭའི་ནང་སློབ་ཞུགས་བྱས། ཕྱི་ལོ་ ༢༠༠༠ ལོར་འཛིན་རིམ་བཅུ་པའི་བསླབ་མཐར་སོན། སློབ་ཡུན་རིང་སློབ་གཉེར་དང་སྤྱི་དོན་འགན་ཁུར་འཐུས་ཤོར་མེད་པ་ཞུས་པས་བོད་གཞུང་ཤེས་རིག་ལས་ཁུངས་ནས་བུམ་སྐྱོན་གསུམ་བྲལ་གྱི་སློབ་མ་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ། དེ་རྗེས་རྡ་སྟེང་བོད་ཁྱིམ་དུ་སློབ་ཞུགས་ཀྱིས་འཛིན་རིམ་བཅུ་གཉིས་ལེགས་ཐོན་བྱུང་། ལྡི་ལིའི་གཙུག་ལག་སློབ་གཉེར་ཁང་དུ་ལོ་གསུམ་རིང་སྲིད་དོན་ཚན་རིག་ཐོག་སློབ་གཉེར་གྱིས་ཕྱི་ལོ་ ༢༠༠༥ ལོར་ཉེ་བའི་གཙུག་ལག་རབ་འབྱམས་པའི་ (B.A Political Science) ལག་འཁྱེར་ཐོབ། ཕྱི་ལོ་ ༢༠༠༥ ནས་ ༢༠༠༧ བར་སླར་ཡང་ལོ་གཉིས་རིང་སློབ་གཉེར་གྱིས་སྲིད་དོན་ཚན་རིག་གི་གཙུག་ལག་རབ་འབྱམས་པའི་ (M.A. Political Science) བསླབ་པ་མཐར་སོན་བྱུང་ཡོད། སློབ་གྲྭའི་སྤྱི་ཁྱབ་རྒན་བདག་དང་བུ་ཡི་སྡོད་ཁང་གི་རྒན་བདག་སོགས་སུ་རྒྱུན་པར་འདེམས་ཐོན་བྱུང་ནས་སློབ་གཉེར་གྱི་ཞོར་དུ་སྤྱི་ཚོགས་ཞབས་ཞུ་དང་། ཚོགས་པའི་འགན་ཁུར་ཐོག་ཁུར་བབ་ཀྱི་ལས་སྣེ་ཚང་མ་སླ་བཅོས་ཙམ་མ་ཡིན་པར་གྲུབ་འབྲས་རྩེ་ཐོན་སོན་པ་བྱུང་ཡོད། མཐོ་སློབ་སྐབས་ལྡི་ལི་བོད་ཁྱིམ་གྱི་རྒན་བདག་གམ་སློབ་ཕྲུག་ཚོགས་པའི་ཚོགས་གཙོར་འདེམས་ཐོན་བྱུང་བ་མ་ཟད། ལྡི་ལི་ས་གནས་གཞོན་ནུའི་ཚོགས་གཙོར་འདེམས་ཐོན་གྱིས་ལས་ཁུར་ཞུས། ཕྱི་ལོ་ ༢༠༠༧ ནས་བཟུང་ ༢༠༡༣ བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་སུ་འོས་འདེམས་ཐེངས་གཉིས་བྱུང་བ་མ་ཟད། རྒྱུན་ལས་སུ་སྡོད་ཡུན་རིང་རྒྱལ་ས་ལྡི་ལིར་དུས་བཀག་མེད་པའི་ཟས་བཅད་ངོ་རྒོལ་བྱས་པ་དང་། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་དང་། རྒྱ་གར་བོད་མིའི་གཞིས་ཆགས་ཁག་སོགས་ལ་རྒྱ་གཞུང་གིས་བོད་མིའི་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ཐེར་འདོན་དང་། བོད་མིའི་དཀའ་སྡུག་གི་གནས་བབ་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས། བོད་མི་རིགས་ཀྱི་ངོ་བོ་དང་གནས་བབ་རྒྱུད་འཛིན་དགོས་སྐོར་སོགས་ཁྱབ་སྤེལ་དང་གོ་རྟོགས་སྤེལ་ཡོད། གཞོན་ནུའི་རྒྱུན་ལས་ནས་འཕོས་རྗེས་ད་བར་སྨར་ཁམས་གྲགས་པ་རིན་པོ་ཆེ་མཆོག་གིས་གསར་འཛུགས་གནང་བའི་རྒྱལ་སྤྱིའི་བྱམས་བརྩེ་བདེ་རྩ་ཞེས་པ་བོད་དང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་དྭ་ཕྲུག་དང་། ཕྱེད་དྭ་ཕྲུག དེ་བཞིན་ཉམས་ཐག་སོགས་ཀྱི་ཆེད་ལས་དོན་བྱེད་བཞིན་པའི་ཚོགས་པའི་དྲུང་ཆེའི་འགན་ཁུར་བྱེད་བཞིན་པ་ཡིན།

ཕྱི་ལོ་ ༢༠༡༦ ལོར་སྐབས་ ༡༦ པའི་བོད་མི་མང་མདོ་སྟོད་སྤྱི་འཐུས་སུ་འོས་འདེམས་བྱུང་བ་ནས་བཟུང་སྤྱི་འཐུས་ཀྱི་ལས་ཁུར་ཞུ་སྒོ་ཡོངས་རྫོགས་ལྷོད་མེད་དུ་ཞུ་བཞིན་པ་དང་། དམིགས་བསལ་སྤྱི་འཐུས་རྒྱུན་ལས་ནང་འགན་ཁུར་ལོ་གཅིག་དང་། རྒྱ་གར་དབུས་དང་མངའ་སྡེ་ཁག་ནང་བོད་དོན་ཞུ་སྐུལ། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་དང་། དམིགས་བསལ་ཚོགས་ཆེན་བཅས་སུ་མཉམ་ཞུགས་ཀྱིས་འགན་ཁུར་བླངས། ད་ལྟ་སྐབས་ ༡༧ པའི་སྤྱི་འཐུས་ཀྱི་ལས་ཁུར་ཞུ་བཞིན་པ་བཅས་ཀྱི་ལོ་རྒྱུས་སྙིས་བསྡུས་སུ། །