མིང༌། དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན།

༄༅། །ཕྱི་ལོ་ ༡༩༧༢ ཟླ་ ༤ ཚེས་ ༡༥ ཉིན་ཕ་ཨ་ཀྲུག་དབང་འདུས་དང༌། མ་རུང་རྒྱས་ཚེ་དབང་སྒྲོལ་མ་གཉིས་ཀྱི་བུ་རུ་སྐྱེས། ༡༩༨༣ ལོར་ལི་ཐང་དགོན་ཆེན་གྱི་ཆོས་སྒོར་ཞུགས་ཏེ་མདོ་སྔགས་གཉིས་ཀྱི་ཕྱོགས་ལ་སྦྱངས་པ་མི་དམན་ཙམ་བྱས། ཕྱི་ལོ་ ༡༩༩༡ ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས། གཞུང་ལུགས་རབ་འབྱམས་སྨྲ་བའི་དགེ་བའི་བཤེས་གཉེན་དུ་མ་ཚུལ་བཞིན་དུ་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་མཐར་ཕྱིན་གྱི་གཞུང་ཆེན་སོ་སོའི་གནས་རིམ་དང་པོའི་ལག་འཁྱེར་ཤ་སྟག་ཐོབ། ༢༠༡༡ ལོར་རི་བོ་དགེ་ལུགས་པའི་གྲྭ་བཙུན་གཉིས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་གྱིས་སྐབས་ ༡༥ དང་། སྐབས་ ༡༦ བཅས་སུ་དགེ་ལུགས་སྤྱི་འཐུས་ལ་བདམས། ༢༠༡༤ ལོར་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ནས་དགེ་ལུགས་ཡོངས་ཀྱི་རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་གྱི་རྒྱུན་ལས་ཚོགས་ཆུང་གི་ཚོགས་གཙོར་བསྐོས། ༢༠༡༥ ལོར་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་ལེགས་པར་གྲུབ་སྟེ་དགེ་བཤེས་ལྷ་རམས་གནས་རིམ་དང་པོའི་མཚན་གནས་ཐོབ། གཞན་ཡང་མོན་གྷོ་མདོ་ཁམས་ས་གནས་ཆུ་བཞི་སྒང་དྲུག་གི་དྲུང་ཆེ་ཟུར་པ། འབྲས་སྤུངས་སྒོ་མང་གྲྭ་ཚང་གི་འཐུས་མི་ཟུར་པ། དགེ་ལུགས་ཡོངས་ཀྱི་རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གི་ཚོགས་ཟུར་དང་། མདོ་ཁམས་ལི་ཐང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་སློབ་སྟོན་པ་དང༌། བོད་མི་མང་དགེ་ལུགས་སྤྱི་འཐུས་བཅས་ཀྱི་ལས་དོན་སྒྲུབ་མུས་ཡིན། སྐབས་དེ་དག་གི་རིང་ལ་༸སྐྱབས་མགོན་དོན་གྱི་བདག་པོའི་བཀའ་དགོངས་དང་མཐུན་པའི་ཕྱོགས་སུ་རང་ནུས་གང་ལྕོགས་ཀྱིས་ལས་དོན་ཆེ་ཕྲ་ཆུང་གསུམ་ཇི་སྙེད་ཅིག་བསྒྲུབས་ཡོད་པ་དང་། ཕྱི་ལོ་ ༢༠༢༡ ལོར་རི་བོ་དགེ་ལུགས་པའི་གྲྭ་བཙུན་གཉིས་ཀྱིས་འདས་པའི་ལས་དོན་རྣམས་གང་ལེགས་བྱུང་བར་ངོས་འཛིན་གྱིས་སླར་ཡང་སྐབས་ ༡༧ པའི་དགེ་ལུགས་སྤྱི་འཐུས་སུ་བདམས་ཐོན་བྱུང་བ་ལྟར།  ༧གོང་ས་མཆོག་གི་བཀའ་དགོངས་བཞིན་བོད་ཀྱི་རྩ་དོན་ཐོག་རང་ནུས་གང་ཐུབ་ཀྱིས་ལས་དོན་བསྒྲུབ་རྒྱུའི་གོ་སྐབས་ཐོབ་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ། །