ྋགོང་ས་མཆོག་གི་གསུང་འཕྲིན་ཐོག་སྤྱི་འཐུས་ལྷན་ཚོགས་ནས་གྲོས་ཆོད་བཞག་པ།

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་ ༡༤ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པར་གསུང་འཕྲིན་རིན་པོ་ཆེ་སྤྱི་སྩལ་ནང༌། བཅའ་ཁྲིམས་ཀྱི་སྒྲོམ་གཞི་ལ་འགྱུར་བ་བཏང་ནས་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་འགོ་ཁྲིད་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་མི་སྣས་དུས་ཡུན་ངེས་ཅན་དུ་བྱ་རྒྱུའི་ཆ་རྐྱེན་བསྐྲུན་ཏེ་བཅའ་ཁྲིམས་ཡུལ་མིའི་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་མཐུན་པ་ཞིག་ངེས་པར་བཟོ་དགོས་ཞེས་སོགས་ཕེབས་པའི་ཐོག ཕྱི་ཚེས་ ༡༤ ཉིན་ཚོགས་འདུ་དབུ་འབྱེད་ཉིན་གྲོས་ཚོགས་སུ་སྒྲོག་སྦྱངས་ཞུས་ཤིང༌། ཕྱི་ཚེས་ ༡༥ ཉིན་ཧྲིལ་པོར་བགྲོ་གླེང་ཞིབ་ལྷུག་ཞུས་པ་དང༌། ཕྱི་ཚེས་ ༡༦ ཉིན་རྒྱབ་བགྲོ་གླེང་སྐབས། གྲོས་ཚོགས་ཀྱི་བགྲོ་གླེང་སྐབས་ཀྱི་དགོངས་འཆར་ཁག་གཞིར་བཟུང་ཚོགས་གཙོ་སྦྲེལ་པོས་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་རགས་ཟིན་གཉིས་བྲིས་ཡོད་པ་བཞུགས་མོལ་ཚོགས་འདུར་གནང་དགོས་པའི་རེ་སྐུལ་བྱུང་དོན་ལྟར། ཕྱི་ཚེས་ ༡༧ གྱི་བཞུགས་མོལ་ཚོགས་འདུའི་སྐབས་སྤྱི་འཐུས་རྣམ་པ་ཚོགས་ཆུང་གསུམ་དུ་ཆ་བགོས་ཀྱིས་གྲོས་ཆོད་གྲོས་འཆར་གྱི་རགས་ཟིན་ཁག་གཉིས་ལ་བགྲོ་གླེང་གྲོས་བསྡུར་གནང་བ་དང༌། དེ་ནས་ཚོགས་ཆུང་ཁག་གི་སྙན་ཐོ་ལས་སྤྱི་མོས་སམ་མང་མོས་ཀྱི་བསམ་འཆར་ཕྱོགས་གཅིག་ཏུ་བསྡོམས་པའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གྱི་རགས་ཟིན་གཏན་འབེབས་གནང་བ་དང༌། ཕྱི་ཆེས་ ༡༨ ཉིན་གང་བོར་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ལ་བཀའ་བསྡུར་གནང་སྐབས། དོན་ཚན་བཞི་ལས་དོན་ཚན་དང་པོ་དང་བཞི་པར་སྤྱི་མོས་དང༌། དོན་ཚན་གཉིས་པར་སྤྱི་འཐུས་གཅིག་གིས་དགག་ཆ་གནང་སྟེ་མང་མོས་ཚད་མཐོའི་སྒོ་ནས་གྲོས་འཆམ་བྱུང་བ་དང༌། དོན་ཚན་གསུམ་པར་དགག་ཆ་གནང་མཁན་ ༢༡ དང༌། རྒྱབ་སྐྱོར་གནང་མཁན་ ༡༣ བྱུང་སྟེ་ཕྱིར་བསྡུ་གནང་ཡོད། ཕྱིར་བསྡུ་གནང་བའི་གྲོས་ཆོད་གྲོས་འཆར་གྱི་དོན་ཚན་དུ། ྋགོང་ས་ྋསྐྱབས་མགོན་ཆེན་པོས་འཛམ་གླིང་སྐྱེ་འགྲོ་སྤྱིར་ཕན་བདེའི་མཛད་འཕྲིན་མཐའ་ཡས་པ་བསྐྱངས་གནང་མཛད་པ་དང༌། ད་དུང་སྐྱོང་བཞེད་ཀྱི་རླབས་ཆེན་ཐུགས་བསྐྱེད་དམ་བཅར་མཐུན་རྐྱེན་སྒྲུབ་ཐབས་ཀྱི་ཆ་རྐྱེན་དང༌། མཛད་ཁུར་མ་བཞེས་པའི་བཟློག་མེད་ཀྱི་དུས་སྐབས་སུ་འབྱུང་ངེས་པའམ་འབྱུང་སྲིད་པའི་དཀའ་ཉེན་སེལ་ཐབས་དང་གདོང་ལེན་ཞུ་ཕྱོགས་ཇི་དགེའི་གྲ་སྒྲིག་ཆེད། འོས་བསྡུའི་ལམ་ནས་ཕེབས་པའི་འགོ་ཁྲིད་ཚོས་འགན་དབང་ཇི་འཁུར་ཚོགས་གཙོ་སྦྲེལ་པོས་བཀའ་སྤྱི་གཉིས་ལས་གྲུབ་པའི་བཅའ་ཁྲིམས་དང་སྒྲིག་གཞི་ཁག་གི་སྒྲོམ་གཞི་སྤྱི་ཡོངས་ལ་བསྐྱར་ཞིབ་ཚོགས་ཆུང་ཞིག་ཆེད་འཛུགས་གནང་སྟེ། སྐབས་ ༡༥ པའི་སྤྱི་འཐུས་ལྷན་ཚོགས་སུ་བཀའ་བསྡུར་ཆེད་གྲུབ་དོན་སྙན་ཐོ་སྐབས་ ༡༤ པའི་སྤྱི་ལྷན་གྱི་དུས་ཡུན་མ་རྫོགས་གོང་ཕུལ་ཟིན་པ་དགོས་རྒྱུ་ཞེས་འཁོད་ཡོད།