ཧི་མྰ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་དང་ལས་བྱེད་ཟུར་པ་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༧ སྔ་དྲོ་ཚོུད་ ༡༡།༤༠ ཐོག་ཧི་མྰ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་པར་ཝིན་ཀུ་མར་མཆོག་དང་ཁོང་གི་ལྷན་མངའ་སྡེའི་ལས་བྱེད་དང་དྭངས་དམག་ཟུར་པ་བཅས་མི་གྲངས་ ༢༠ ཙམ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་པར་དཔལ་ལྡན་ཚོགས་གཞོན་ཨཅྭརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྣེ་ལེན་དང་སྦྲགས།

གྲོས་ཚོགས་ཚོགས་ཁང་ནང་དུ་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་མང་གཙོའི་བྱུང་བ། དེ་བཞིན་བོད་དང་རྒྱ་གར་གཉིས་བར་ལོ་རྒྱུས་ཀྱི་ཐོག་ནས་འབྲེལ་བ་ཇི་ཡོད། ལྷག་པར་ཆོས་དང་རིག་གཞུང་། ས་མཚམས། ཁོར་ཡུག་བཅས་ཀྱི་འབྲེལ་བའི་སྐོར་དང་། ད་ལྟ་བོད་ནང་གི་ཛ་དྲག་གནས་སྟངས། ལྷག་པར་བོད་ནང་བོད་མི་རྣམས་ནས་མུ་མཐུད་དེ་རྒྱ་ནག་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གནང་བཞིན་ཐོག་བོད་མི་རྒན་གཞོན་བར་གསུམ་ནས་བོད་ཀྱི་རྩ་དོན་སླད་རང་ལུས་མེར་བསྲེགས་གནངབཞིན་ཡོད་པའི་སྐོར། རྒྱལ་སྤྱི་ནང་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཇེ་མང་དུ་ཐོབ་བཞིན་ཡོད་པ་དང་། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོ་སྤྲོད་བཅས་གནང་ཡོད་པ་མ་ཟད། ཁོང་རྣམས་ལ་བོད་ཀྱི་དངོས་ཡོད་ལོ་རྒྱུས་ལ་ཞིབ་འཇུག་གནང་སྟེ་བོད་དོན་ཐོག་མ་འོངས་པར་རྒྱབ་སྐྱོར་གང་ཐུབ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་སོང་། དེ་ནས་ཁོང་རྣམས་ལ་བོད་དོན་དང་འབྲེལ་བའི་དཔེ་དེབ་ཁག་ཅིག་འགྲེམས་སྤེལ་ཞུས་གནང་རྗེས་ཁོང་རྣམས་ནས་ཀྱང་བོད་ཀྱི་རྩ་དོན་ཐོག་གང་ཐུབ་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་སོང་བ་བཅས་ཀྱི་གནས་ཚུལ་དུ། །

Menu