སྤྱི་འཐུས་ཚོགས་གཞོན་གྱིས་རྔ་བའི་ཛ་དྲག་གནས་སྟངས་སྐོར་རྒྱལ་ཚོགས་དྲུང་ཆེར་འབོད་སྐུལ་གནང་བ།

༄༅། ནིའུ་ཡོག་ཏུ་བཅའ་བཞུགས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་སྦན་ཀི་མུན་མཆོག་ལ།
ཆེད་ཞུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཇེ་ཞན་དུ་འགྲོ་མུས་ཐོག་ལ་ཞུ་དོན། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༦ ཉིན་བོད་ནང་ཀིརྟི་དགོནཔའི་གྲྭ་བྱ་རུ་ཚང་ཕུན་ཚོགས། ལོ་ ༢༠ ཅན་ནས་བོད་ནང་རྒྱ་མིས་བོད་ཆོལ་ཁ་གསུམ་དུ་སྲིད་བྱུས་ནོར་འཁྲུལ་ཅན་ལག་བསྟར་བགྱིད་མུས་ལ་ངོ་རྒོལ་དང། ༢༠༠༨ ཀྱི་ཞི་རྒོལ་གྱི་ལོ་གསུམ་པ་སྲུང་བརྩི་སླད་རང་ལུས་མེར་བསྲེགས་བྱས་ཏེ་ཉིན་རྗེས་མ་དེར་འདས་གྲོངས་སུ་གྱུར་ཡོད། དེ་ལ་སེར་སྐྱ་ཕོ་མོ་བསྡོམས་ ༡༠༠༠ བརྒལ་བས་གདུང་སེམས་མཉམ་བསྐྱེད་གནང་སྐབས་རྒྱ་མིའི་འགོ་ཁྲིད་ཚོས་དྲག་པོའི་རྒོལ་རྡུང་བཏང་ཡོད།
ང་ཚོར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་དམར་གཞུང་གིས་དགོན་པ་དེ་སྒོ་རྒྱག་དགོས་པའི་བཙན་བཀའ་བཏང་སྟེ་ད་ལྟ་བཙོན་ཁང་ལྟ་བུར་གྱུར་ཡོད། དགོན་པའི་ཕྱི་ལོགས་སུ་ལྕགས་རི་དང་རྩིག་གྱང་གསར་པ་བརྒྱབས་ཏེ་གྲྭ་པ་རྣམས་ཀྱི་ཕྱིར་བསྐྱོད་རང་དབང་ལ་དམ་བསྒྲགས་བྱེད་བཞིན་ཡོད། ཐ་ན་གྲྭ་པ་རྣམས་བསངས་གསོལ་ཐེ་བའི་ཉིན་རེའི་ཆོ་ག་ཕྱག་ལེན་རྣམས་ལ་བཀག་སྡོམ་བྱེད་བཞིན་ཡོད། དེ་མཚུངས་དགོན་པའི་ཕྱི་ནང་ཚང་མར་རྒྱ་དམར་གྱི་དཔུང་དམག་བཞག་སྟེ་སོ་བལྟ་བྱེད་མུས་སུ་ཡོད།
ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༢ ཉིན་གྲྭ་བྱ་རུ་ཚང་ཕུན་ཚོགས་ཀྱི་སྤུན་ཆུང་བ་ཀིརྟི་དགོན་གྱི་གྲྭ་བློ་བཟང་ཚེ་བརྟན་དང༌། ཨ་ཞང་བློ་བཟང་བརྩོན་འགྲུས་གཉིས་འཛིན་བཟུང་བྱས་འདུག དེ་ནས་ ༢༠༡༡ ཟླ་ ༤ ཚེས་ ༡༢ ཉིན་ཁོང་གཉིས་བསྐྱར་དུ་འཛིན་བཟུང་བྱས་ཡོད། དེ་ལྟར་ཁྲིམས་མཐུན་མ་ཡིན་པའི་འཛིན་བཟུང་དང་བཙན་ཤེད་ཀྱི་དམ་བསྒྲགས་མུ་འཐུད་དུ་འགྲོ་བཞིན་ཡོད། ཀིརྟི་དགོན་པའི་གྲ་བ་ལོ་གྲངས་ ༡༨ ནས་ ༤༠ བར་ཡིན་པ་ཚང་མ་ཆ་རྒྱུས་མེད་པའི་ས་ཆར་བཙན་ཁྲིད་བྱ་རྒྱུའི་རྒྱ་དམར་གཞུང་གི་བཀོད་རྒྱ་ཐོས་འཕྲལ་བློ་འཚབ་ཆེན་པོ་བྱུང༌། ཀིརྟི་དགོན་པའི་ནང་གྲྭ་གྲངས་ ༢༥༠༠ བརྒལ་བ་ཡོད་པ་དང༌། དགོན་པ་དེ་བཞིན་གལ་ཆེ་ཤོས་ཞིག་ཡིན་པ་དེ་རྣམས་ཀྱི་སྲུང་སྐྱོབ་དང༌། ཆེ་མཐོང༌། འགྲོ་བ་མིའི་ཐོབ་ཐང་བཅས་ལ་ཚབས་ཆེའི་དྭོ་ཕོག་ཐེབས་བཞིན་ཡོད་པ་རེད། གུས་བཀུར་ཞུ་ཡུལ་གྲ་བ་རྣམས་ལ་ཁྲིམས་མཐུན་མིན་པའི་འཛིན་བཟུང་དང་བཙན་གནོན་ལ་གདུང་སེམས་མཉམ་བསྐྱེད་ཞུ་སླད། ས་གནས་མི་མང་རྣམས་ཀྱིས་མདུན་བསྐྱོད་བྱས་ཡོད།
ཉིན་དེ་རང་ལ་རྡོ་དཀར་ཞེས་པ། ཕྱི་ལོ་ ༢༠༠༩ ནང་འབར་རྫས་གས་གཏོར་གནས་ཚུལ་དང༌། ༢༠༠༨ ལོར་རས་གོས་ཐོག་བོད་རང་བཙན་གྱི་འབོད་ཚིག་བྲིས་ཏེ་འགྲེམས་སྤེལ་བྱས་པར་ཐེ་བྱུས་ཡོད་ཚུལ་བསྙད་དེ་འཛིན་བཟུང་བྱས་པ་རེད།
ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༢༩ ནས་བཟུང༌། ལྷ་སའི་བཙོན་ཁང་ནང་ལྕགས་ར་དཔལ་འབར་ནས་ཡིན་པའི་བོད་པའི་རྩོམ་བྲིས་པ་བསྟན་པ་བློ་གྲོས་འཛིན་བཟུང་དོ་དམ་བྱས་པ་དེས་བོད་ནང་གི་གནས་ཚུལ་དེར་འཕྲལ་དུ་དོ་སྣང་བྱ་དགོས་པ་དང༌། ད་དུང་མུ་འཐུད་དུ་བོད་མི་རྣམས་ཀྱི་ཚེ་སྲོག་ཤོར་བ་དང་ཉེས་བརྡུང་མནར་གཅོད་ཕོག་པ་འགོག་རྒྱུར་རོགས་རམ་དགོས་པ་གསལ་སྟོན་བྱེད་ཀྱི་ཡོད།
འདི་མཉམ་ངེད་ཅག་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གི་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མུས་གནས་ཚུལ་འཁོད་པའི་སྙན་ཐོ་ཞིག་འབུལ་ལམ་ཞུས་ཡོད་པ་དང༌། སྐུ་མཆོག་ནས་དུས་བསྟུན་ཐེ་གཏོགས་ཡོད་པའི་འབོད་སྐུལ་ཞུ་བཞིན་ཡོད་བཅས། བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ནས་ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༤ ཉིན་
ཕུལ།

Menu