སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་དང་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་རྣམ་གཉིས་བྷན་རྡ་ར་ནོར་རྒྱས་གླིང་དང་། མན་སྤར་ཕན་བདེ་གླིང་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

 

སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་དང་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་རྣམ་གཉིས་གཞུང་འབྲེལ་ཕྱོགས་ཕེབས་གནང་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་དང་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་རྣམ་གཉིས་གཞུང་འབྲེལ་ཕྱོགས་ཕེབས་གནང་

ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༧ པའི་ཚེས་ ༧ ནས་ ༡༥ བར་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་དང་། སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་རྣམ་གཉིས་རྒྱ་གར་དབུས་ཁུལ་གྱི་བོད་མིའི་གཞིས་སྒར་བྷན་རྡ་ར་ནོར་རྒྱས་གླིང་དང་། མན་སྤར་ཕན་བདེ་གླིང་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་རེད། དེ་ཡང་སྤྱི་འཐུས་རྣམ་གཉིས་བཞུགས་གནས་ནས་ཚེས་ ༧ ཉིན་ཕེབས་ཐོན་གྱིས་ཚེས་ ༩ ཉིན་ས་གནས་སུ་འབྱོར་ཏེ་བྷན་རྡ་ར་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོས་སྣེ་ལེན་དང་བཅས་ཞོགས་པ་བྷན་རྡ་ར་ནོར་རྒྱས་གླིང་གི་ས་གནས་འགོ་འཛིན་དང་། གཞིས་ལས་ཁང་གི་ལས་བྱེད་རྣམ་པ། ས་འཐུས་ཚོགས་གཙོ་གཙོས་པའི་ས་འཐུས་རྣམ་པ། མཉམ་འབྲེལ་ཚོགས་གཙོ་དང་ལས་བྱེད། ཕ་མའི་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་མི་རྣམ་པ། རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་མི་རྣམ་པ། རྙིང་མ་དགོན་པའི་སྐུ་ཚབ། ཐེག་ཆེན་གླིང་གི་སྐུ་ཚབ། སྤྱི་མི་རྣམ་པ། བརྒྱ་དཔོན་རྣམ་པ། ས་གནས་གཞོན་ནུ་དང། བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་ལས་རྣམ་པ། སྨན་རྩིས་ཁང་དང་། འཕྲོད་བསྟེན་སྨན་ཁང་བཅས་ཀྱི་འགན་འཛིན་དང་ལས་བྱེད་རྣམ་པ་བཅས་ལྷན་འཛོམས་ཀྱིས་བཞུགས་མོལ་ཚོགས་འདུ་ཚོགས་གནང་ཡོད་པ་དང། ཚོགས་འདུའི་ཐོག་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་གསུམ་པའི་ཐོག་བཅའ་ཁྲིམས་ལ་བསྐྱར་བཅོས་ཇི་ཕྱིན་དང་། དེའི་རྗེས་འབྲེལ་ཁྲིམས་སྒྲིག་ཁག་བསྐྱར་བཅོས་ཟིན་པའི་དགོངས་དོན་དང་། རྣམ་ཀུན་གཞིས་ཆགས་ཁག་གིས་ས་གནས་ཡུལ་མིར་མཐུན་ལམ་གནང་ཕྱོགས། བཙན་བྱོལ་བོད་མིའི་ཁྲོད་ནར་མ་སོན་པའི་ཕྲུ་གུ་གླ་གཡོག་ཏུ་ཉར་མཁན་རེ་ཟུང་ཡོད་པ་དེ་རིགས་ཡུལ་ཁྲིམས་དང་འགལ་ཚབས་ཆེན་པོ་ཡིན་པ་མ་ཟད། བཀའ་སྤྱི་གཉིས་ནས་དེའི་ཐད་ལམ་སྟོན་སྔ་རྗེས་གནང་ཟིན་པ་སྤྱི་ཟོམ་སྣང་མེད་དུ་བསྐྱུར་འཇོག་མི་འོས་པའི་སྐོར་གོ་སྐོན་སློབ་གསོ། སློབ་གྲྭ་ཁག་ཏུ་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་འབྲེལ་ཡོད་ལ་གོ་བསྡུར་དང་ལམ་སྟོན། ཉམ་ཐག་དང་ནད་གཅོང་མགོན་མེད་ཁག་ལ་གཟིགས་རྟོག་གནད་སྨིན་ཡོང་ཐབས་ཀྱི་ལམ་སྟོན། མང་གཙོའི་འཕེལ་རིམ་དང་འབྲེལ་བའི་ས་གནས་འགོ་འཛིན་ས་གནས་རང་ནས་འོས་འདེམས་གནང་ཐུབ་ན་དགེ་མཚན་ཆེ་བ་བཅས་ཀྱི་སྐོར་ཞིབ་རྒྱས་གསལ་བཤད་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་༸གོང་ས་མཆོག་གི་མཛད་འཕྲིན་དང་། བོད་རྒྱ་ཞི་མོལ་དང་འབྲེལ་བའི་སྐུ་ཚབ་རྣམ་གཉིས་དགོངས་པ་ཞུ་དགོས་བྱུང་བའི་སྐོར། ༢༠༠༨ ནས་བཟུང་ད་ལྟའི་བར་བོད་ནང་གི་ཛ་དྲག་གནས་སྟངས་སྐོར། ལྷག་པར་འདི་ལོའི་སྐུའི་འཁྲུངས་སྐར་དུས་ཆེན་ནས་བརྩམས་ཏེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བདེན་པའི་མེ་ལྕེའི་སྐོར་བསྐྱོད་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་བཞིན་པའི་སྐོར། བོད་མིའི་སྒྲིག་འཛུགས་ཀྱི་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཆབ་སྲིད་ལངས་ཕྱོགས་གསལ་སྟོན་བཅས་ཞིབ་རྒྱས་གསལ་བཤད་དང་། ཚོགས་མི་རྣམ་པའི་སྤྱི་ཡོངས་ཀྱི་དོགས་འདྲི་དང་། ས་གནས་ཀྱི་བདེ་སྡུག་སྐོར་ཕན་ཚུན་གོ་བསྡུར་སྦྱངས་བཤད་ཞིབ་ལྷུག་གནང་བ་དང། ཕྱི་ཚེས་ ༡༡ ཉིན་མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་སྒར་དུ་འབྱོར་ནས་ས་གནས་འགོ་འཛིན་དང་གནས་ཡོད་མི་སྣའི་སྣེ་ལེན་འོག་མན་སྤར་ཕན་བདེ་གླིང་གི་གནད་ཡོད་མི་སྣ་ ༤༠ ཙམ་དང་ལྷན་བཞུགས་མོལ་ཚོགས་འདུ་དང་གཞིས་ཆགས་ཀྱི་གནས་སྟངས་རྒྱུས་ལོན་གནང་བ་མ་ཟད། གོང་གསལ་བརྗོད་གཞི་དེ་དག་བྷན་རྡ་ར་ནོར་རྒྱས་གླིང་དང། མན་སྤར་ཕན་བདེ་གླིང་གི་གཞིས་ཀེམ་སོ་སོའི་མི་མང་ཚོགས་འདུ་ཚང་མར་གཅིག་མཚུངས་ཀྱིས་གསལ་བཤད་ཆད་ལུས་མེད་པར་དོགས་འདྲི་དང་བཅས་པར་ལན་འདེབས་གནང་ཡོད་ལ། ས་གནས་ཀྱི་འཕྲོད་བསྟེན་སྨན་ཁང་། སྨན་རྩིས་ཁང་། བུ་གསོ་ཁང་སོགས་སུ་གཟིགས་སྐོར་དུ་ཕེབས་ཏེ་དེ་དག་གི་གནས་སྟངས་རྒྱུས་ལོན་དང། ལྷག་པར་གཞིས་ཀེམ་ཁག་གི་ཉམ་ཐག་ཚོའི་ནང་དུ་ཆེད་བཅར་གྱིས་ཁོང་ཚོའི་གནས་སྟངས་ལ་ནང་མི་ཚོར་རོགས་སྐྱོར་དུས་ཐོག་ཏུ་འབྱོར་ཐུབ་མིན། ནད་གཅོང་ཉམ་ཐག་རྣམས་ལ་སྨན་པ་བསྟེན་གཏུགས་དང་གསོལ་སྨན་རིན་མེད་གནང་ཐུབ་ཡོད་མེད་དོ་བདག་རེ་རེ་བཞིན་འདྲི་རྩད་ཀྱིས་གཞིས་ཆགས་ཀྱི་ཉམ་ཐག་སྐོར་རྟོག་ཞིབ་གནང་བ་སོགས་ཀྱི་ལས་དོན་ལེགས་གྲུབ་བྱུང་སྟེ་ཕྱི་ཚེས་ ༡༥ ཉིན་རྡ་སར་ཕྱིར་ཕེབས་གནང་ཡོད་པ་རེད། གོང་གསལ་སྤྱི་འཐུས་རྣམ་གཉིས་ལ་གཞིས་ཀེམ་སོ་སོའི་མང་ཚོགས་ནས་བདེ་སྡུག་ཇི་ཞུས་དང་གཟིགས་ཚུལ་གང་བྱུང་རྣམས་ལས་བསྡོམས་སྙན་ཐོའི་ནང་ཞིབ་བཀོད་ཀྱིས་སྤྱི་འཐུས་རྒྱུན་ལས་སུ་སྙན་གསན་ཞུས་ཏེ་དཀའ་སེལ་མཇུག་སྐྱོང་དགོས་རིགས་རྣམས་འཛིན་སྐྱོང་བཀའ་ཤག་དང་འབྲེལ་ཡོད་ཁུངས་སོ་སོར་འབུལ་ལམ་ཞུ་རྒྱུ་ཡིན་པ་རེད།།

སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་དང་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་རྣམ་གཉིས་མན་སྤར་ཕན་བདེ་གླིང་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་དང་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་རྣམ་གཉིས་མན་སྤར་ཕན་བདེ་གླིང་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

Menu