སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་རྣམ་གཉིས་ས་བགོས་ཀ་སྦུག་དང་། འབྲས་ལྗོངས་ཁུལ་དུ་གཞུང་འབྲེལ་ཕེབས་གནས།

 

སྤྱི་འཐུས་རྣམ་གཉིས་ས་བགོས་ཀ་སྦུག་དང་། འབྲས་ལྗོངས་ས་ཁུལ་སྒང་ཏོག། ར་ཝང་ལ། ལ་ཆེན། ལ་ཆུང་། འབྲོང་ཁུག། ཐང་སྒོ ཚ་ཐེང། ཆུང་ཐུང་། སྤ་གོང་། ཕོ་གདོང་། མན་གྷན། སེང་གེག། ཁ་སྦི་བཅས་ས་གནས་ཁག་བཅུ་བཞིར་ཕྱི་ལོ་ ༢༠༡༣ ཟླ་ ༥ པའི་ཚེས་ ༩ ནས་ཚེས་ ༢༢ བར་གཞུང་འབྲེལ་ཕྱོགས་ཕེབས་སྐབས་ཚོགས་གཙོ་སྦྲེལ་པོའི་ལམ་སྟོན་དང་། སྤྱི་འཐུས་རྒྱུན་ལས་ཀྱི་བརྗོད་གཞི་གཏན་འབེབས་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་གཞུང་འབྲེལ་གྲོས་ཆོད་ཁག་དང་། བཅའ་སྒྲིག་གཞན་ཁག་ལ་བསྐྱར་བཅོས་གནང་བ་སོགས་མང་ཚོགས་ལ་ངོ་སྤྲོད་གསུང་བཤད་དང་། བོད་ནང་གི་ཛ་དྲག་གནས་སྟངས་དང་། རྒྱ་གཞུང་གིས་སྲིད་བྱུས་ངན་པ་ལག་བསྟར་བྱས་པའི་རྗེས་འབྲེལ་སྐོར། བོད་མིའི་སྒྲིག་འཛུགས་ཀྱི་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཆབ་སྲིད་ལངས་ཕྱོགས། དེ་བཞིན་རྒྱལ་སྤྱིའི་གནས་བབ་དང་། རྒྱ་ནག་དང་བོད་ནང་གི་སྤྱིར་བཏང་གནས་སྟངས་སྐོར། གཞིས་ཆགས་སྲ་བརྟན། ཤེས་ཡོན་སློབ་གསོ། གཞོན་སྐྱེས་ཀྱི་འགན་འཁུར།བོད་མིའི་སྒྲིག་འཛུགས་ཀྱི་མཐོ་སློབ་སློབ་ཡོན་གྱི་ཆ་རྐྱེན་བཅས་ཀྱི་ཐོག་ལ་དགོན་སྡེ་ཁག་གི་དགེ་འདུན་པ་དང། མི་མང་། སློབ་ཕྲུག།   ས་གནས་ཀྱི་འགན་འཁུར་མི་སྣ་བཅས་ལ་ཐེངས་མང་གཏམ་བཤད་གནང་བ་དང་དྭོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་ཞིབ་ནན་ཞུས། ས་གནས་སོ་སོའི་ལས་གཞི་ཁག་ལ་རྟོག་ཞིབ་དང་འབྲེལ་མི་མང་གི་དཀའ་ངལ་རྣམས་གསན་ཏེ་དཀའ་སེལ་སྐོར་མཇུག་གནོན་གནང་རྒྱུ་ཡིན་སྐོར་ཞུས།

 

དེ་བཞིན་ས་གནས་ཀྱི་དཔོན་རིགས་དང་འཐུས་མི་བཅས་གནད་ཡོད་མི་སྣ་ཁག་ལ་མཇལ་འཕྲད་ཞུས་ཏེ་ད་བར་ས་གནས་བོད་མིའི་དཀའ་ངལ་རིགས་ལ་གཟིགས་རྟོག་གང་ལེགས་གནང་བ་ལ་བཀའ་དྲིན་རྗེས་དྲན་གྱི་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་འདུག

ཚེས་ ༡༧ ཉིན་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་སྐྱེད་དང་མཆོད་འབུལ་གྱི་མཛད་སྒོར་མཉམ་ཞུགས་ཀྱིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་། ཉིན་རྒྱབ་བོད་དོན་སྐོར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་ཡོད་པ་དང་། དྲི་བ་བྱུང་ཁག་ལ་ལན་འདེབས་ཞུས། དེ་རྗེས་བོད་དོན་ཞི་བའི་གོམ་བགྲོད་ཀྱི་རྔམ་སྟོན་ཁྲོམ་སྐོར་ནང་མཉམ་ཞུགས་གནང་ཡོད་པ་བཅས།།

Menu