ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༨ ཉིན་སྔ་དྲོ་ཕྱག་ཚོད་ ༩།༣༠ ཡི་ཐོག་དཔལ་ལྡན་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་གྲོས་ཚོགས་དབུ་འཛུགས་ཐོག་སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྐར་རྟགས་ཅན་གྱི་དྲི་བ་ཨང་ ༢ པ་དྲིས་གནང་བར་དཔལ་ལྡན་ཕྱི་དྲིལ་བཀའ་བློན་མཆོག་ནས་ལན་འདེབས་གནང་བ་དང་། དེ་འབྲེལ་སྤྱི་འཐུས་ ༡༠ ཡིས་འཕྲོས་དོན་དྲི་བར་གནང་བ་ཁག་སོ་སོར་དཔལ་ལྡན་ཕྱི་དྲིལ་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་།
སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་མཆོག་གིས་སྐར་རྟགས་ཅན་གྱི་དྲི་བ་ཨང་ ༡༡ པ་དྲིས་གནང་བར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དེ་ལ་ལན་འདེབས་གནང་།
ཡིག་ཆ་ཨང་ ༡༡ པ། སྤྱི་འཐུས་གངས་ལྷ་མོ་མཆོག་གིས་ཐུགས་སྣང་གཞེན་བསྐུལ་གྱི་གྲོས་འཆར་སྙན་སྒྲོན་གནང་བ་དང་། དེ་ལ་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་གིས་རྒྱབ་སྐྱོར་གནང་། དེ་རྗེས་ཉིན་སྔོན་མའི་ལས་རིམ་འཕྲོ་སྐྱོང་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་སྤྱི་འཐུས་གྲངས་ ༢༠ ཡིས་ཆ་ཤས་བཞེས་ནས་མུ་མཐུད་བགྲོ་གླེང་ལྷུག་པོར་གནང་སྟེ་སྤྱི་མོས་ཀྱིས་གཏན་འབེེབས་གནང་།
ཉིན་རྒྱབ་མ་ལེ་ཤི་ཡ་ (Malasia) ནས་ཕེབས་པའི་སྐུ་མགྲོན་ Datuk Dr: Ananda Kumaraseri མཆོག་གྲོས་ཚོགས་ནང་ཕེབས་ཡོད་པ་དང་། སྐབས་དེར་ཚོགས་གཙོ་མཆོག་གིས་ཕེབས་བསུ་དང་སྦྲགས་ཁོང་གི་ལོ་རྒྱུས་སྙིང་བསྡུས་ཤིག་ངོ་སྤྲོད་གནང་སྟེ་ཚོགས་མི་ཡོངས་ནས་དགའ་བསུ་ཞུས་གནང་། ཁོང་ནི་ཤི་རི་ལང་ཀ་ (Sri lanka) མི་རིགས་ཡིན་པ་དང་རྗེས་སུ་མ་ལེཤི་ཡ་(malaysia) ཡི་མི་སེར་ཆགས་ནས་མ་ལེ་ཤི་ཡ་གཞུང་ཚབ་ལོ་ ༣༠ ཙམ་གནང་མྱོང་བ་མ་ཟད། དམིགས་བསལ་་ནང་ཆོས་ལ་སྦྱང་བ་ཆེན་པོ་གནང་ནས་དཔེ་དེབ་མང་པོ་ཞིག་ཀྱང་བརྩམས་གནང་ཡོད་པ་རེད།
དེ་རྗེས་དཔལ་འབྱོར་བཀའ་བློན་མཆོག་གི་སྔོན་རྩིས་གསུང་བཤད་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་བཅས་སྙན་སྒྲོན་ཟིན་པར། སྤྱི་ཡོངས་ཐོག་བགྲོ་གླེང་ལྷུག་པོར་མཇུག་བསྡུ་གནང་།
ཡིག་ཆ་ཨང་ ༡༢ པ། གཞུང་འབྲེལ་གྲོས་ཆོད་གྲོས་འཆར་སྤྱི་འཐུས་གངས་ལྷ་མོ་མཆོག་གིས་སྙན་སྒྲོན་གནང་བ་དང་། དེ་ལ་སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་གིས་རྒྱབ་སྐྱོར་གནང་ནས་དེའི་ཐད་སྤྱི་འཐུས་རྣམ་པས་བགྲོ་གླེང་དང་གཏན་འབེབས་གནང་བ་བཅས་ལས་ཉིན་གསུམ་པར་གྲོས་ཚོགས་སུ་ལས་རིམ་བསྐྱངས་པའི་གནས་བསྡུས་སུ།།