མིང༌། དོན་འགྲུབ་བཀྲ་ཤིས།

༄༅། །ཕྱི་ལོ་ ༡༩༨༠ ལོར་མདོ་སྨད་བླ་བྲང་དུ་སྐྱེས། ཆུང་དུས་ཕྱུགས་རྫིའི་ཞོར་དུ་སློབ་སྦྱོང་གནང་བར་གྲུབ་འབྲས་འབུར་ཐོན་བླངས་སྟབས། ཕ་མའི་རྒྱབ་སྐྱོར་འོག་ ༡༩༩༦ ལོ་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་སློབ་གཉེར་ལ་བསྐྱོད་ཅིང་དགེ་བའི་བཤེས་གཉེན་མང་པོ་བསྟེན། ཐུན་མོང་རིག་གནས་གཙོས་པའི་ནང་དོན་རིག་པ་དང་སྒྲ་སྙན་སྨན་རྩིས་སོགས་ལ་སློབ་གཉེར་གནང་། སྐབས་དེར་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭ་དང༌། གཙོས་མི་རིགས་དགེ་ཐོན་སློབ་གྲྭ་སོགས་སུ་ཟུར་ཞུགས་ཀྱིས་ལོ་རྒྱུས་དང་བརྡ་རྙིང་སོགས་ལ་སློབ་སྦྱོང་གནང་། ༢༠༠༠ ལོར་ནུབ་བྱང་མི་རིགས་སློབ་ཆེན་དུ་ཟུར་ཞུགས་ཀྱིས་ནུབ་ཕྱོགས་མཚན་ཉིད་རིག་པ་དང་དེང་རབས་སྤྱི་ཚོགས་རིག་པར་སློབ་སྦྱོང་གི་ཞོར་དུ་ <<བོད་བརྒྱུད་ནང་བསྟན་མཚན་ཉིད་རིག་པའི་མ་ལག་གསར་འཛུགས།>> དང༌། <<སློབ་མའི་རང་མོས་གླེང་སྟེགས།>> སོགས་གསར་འཛུགས་སྣེ་ཁྲིད་ཚོགས་མི་གནང་།

༢༠༠༢ ལོར་ཆབ་སྲིད་དཀའ་ངལ་འོག་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ཏེ། ཤེས་རབ་དགའ་ཚལ་སློབ་གླིང་དུ་དབྱིན་ཡིག་དང་གློག་ཀླད་སོགས་སློབ་སྦྱོང་གི་ཞོར་དུ་སློབ་གྲྭའི་རྩོམ་སྒྲིག་པ་དང་བོད་ཡིག་དགེ་རྒན་གནང་། ༢༠༠༧ ལོ་ནས་བོད་ཀྱི་དུས་བབ་གསར་འགོད་པ་དང༌། ༢༠༡༠ ལོ་ནས་རྩོམ་སྒྲིག་པའི་ཕྱག་ལས་གནང་། ༢༠༠༧ ནས་ ༢༠༡༠ ལོའི་བར་བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་ཚོགས་གཞོན་དང༌། ༢༠༠༨ ལོ་ནས་མདོ་སྨད་བདེན་རྒྱབ་རྩོམ་སྒྲིག་ཚོགས་ཆུང་གི་རྩོམ་སྒྲིག་པ་གནང་མུས་དང་། ༢༠༡༦ ལོར་སྐབས་བཅུ་དྲུག་པའི་མདོ་སྨད་ཆོལ་ཁའི་སྤྱི་འཐུས་སུ་འདེམས་ཐོན་བྱུང་བ་ལྟར་ ༢༠༡༨ ལོ་ནས་བསྟུད་མར་ལོ་གསུམ་ལ་སྤྱི་འཐུས་རྒྱུན་ལས་དང་། ༢༠༢༡ ལོར་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་ནང་ཕྱག་ལས་གནང་། ༢༠༢༡ ལོར་སླར་ཡང་སྐབས་བཅུ་བདུན་པའི་མདོ་སྨད་ཆོལ་ཁའི་སྤྱི་འཐུས་སུ་འདེམས་ཐོན་བྱུང་ཡོད་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།།

Menu