མིང༌། ཚེ་རིང་སྒྲོལ་མ།

༄༅། །གུས་མོ་ཚེ་རིང་སྒྲོལ་མ་རྒྱ་གར་བྱང་ཤར་མེག་གྷ་ལ་ཡའི་མངའ་སྡེ་ཤེས་ལོངས་ས་གནས་སུ་སྐྱེས། ༸གོང་ས་མཆོག་གི་ཐུགས་རྗེའི་བཀྲིན་ལ་བརྟེན་ནས་ཆུང་དུས་ནས་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཐོབ། རྡོར་གླིང་བོད་མིའི་གཏན་སློབ་ནས་འཛིན་རིམ་ ༡༢ ཐོན། དེའི་རྗེས་ཤེས་ལོངས་རྟེན་གཞི་བྱས་པའི་ནེ་ཧུ་ (North Eastern Hill University – NEHU) གཙུག་ལག་མཐོ་སློབ་ནས་ལོ་ ༣ རིང་རབ་འབྱམས་པ་སློབ་མཐར་ཕྱིན། ས་གནས་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་མི་དང་རྒྱུན་ལས་དྲུང་ཆེའི་ལས་སྣེ་བྱས། དེའི་རྗེས་ས་གནས་བོད་ཀྱི་བུད་ལྷན་ཚོགས་ཀྱི་ཚོགས་མི་དང་དྲུང་ཆེ་ལས་འགན་བྱས། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ལས་འགུལ། དམིགས་བསལ་ ༢༠༡༣ ལོར་བཀའ་སྤྱི་གཉིས་ཀྱི་ལྡི་ལིར་ཆབ་སྲིད་ཀྱི་ལས་འགུལ་ཆེན་མོ་སྐབས་དང་བླངས་ཐོག་ཉམས་ཞུགས་བྱས། ཤེས་ལོངས་ས་གནས་མདོ་སྟོད་འོས་བསྡུའི་ཚོགས་མིའི་འགན་ཁུར་ཐོག་དེ་སྔོན་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ལས་དོན་ཚགས་ཚུགས་ལེགས་སྒྲུབ་བྱས། ཤེས་ལོངས་ས་གནས་ཆུ་སྒང་གི་ཚོགས་མི་དང་། དེང་ཤེས་ལོངས་མི་མང་ནས་ཐུགས་རེ་ཆེན་པོའི་ས་གནས་འཐུས་ཚོགས་སུ་འདེམས་ཐོན་དང་ས་གནས་འཐུས་མི་རྣམ་པའི་ཤེས་ལོངས་ས་འཐུས་ཚོགས་གཙོ་འོས་འདེམས་ཀྱིས་ལས་འཁུར་དམ་འབུལ་ལས་དོན་འགན་ཁུར་བྱས། དམིགས་བསལ་ལྷག་བསམ་དང་ཉམས་མྱོང་སེམས་ཤུགས་ཐོག་བོད་རང་དབང་བསྐྱར་གསོ་ཆེད་༸གོང་ས་མཆོག་གི་བཀའ་དགོངས་བཞིན་ལས་དོན་ཐོག་རང་ནུས་གང་འོས་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད། ད་ལྟ་སྐབས་ ༡༧ པའི་སྤྱི་འཐུས་ཀྱི་ལས་ཁུར་ཞུ་བཞིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ། །

Menu