མིང༌། ཆོས་འཕེལ་ཐུབ་བསྟན།

༄༅། །སྦེལ་ཀོབ་ཉིན་སློབ་ནས་འཛིན་གྲྭ་ ༡༢ ཐོན་རྗེས་སྦེང་ལོར་ཀརྱསཌ་མཐོ་སློབ་ (Christ College) ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་ (BA) དང་གསར་འགྱུར་རིག་པའི་ཐོག་དྲིབ་ལོ་མ་ (Diploma) སློབ་གཉེར་ལེགས་པར་མཐར་སོན། སློབ་གཉེར་གནང་ཡུན་རིང་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་དང་། ཐེངས་གཉིས་ཙམ་ས་གཞོན་ཚོགས་གཙོའི་འགན་ཁུར་བླངས་ཏེ་བོད་དོན་དང་འབྲེལ་བའི་ལས་འགུལ་མང་དག་སྤེལ། ཕྱི་ལོ་ ༡༩༩༢ ལོ་ནས་ད་བར་བོད་མིའི་སྒྲིག་འཛུགས་ནང་དུ་ལོ་ངོ་ ༢༨ ཙམ་ཞབས་ཞུ་དང་། ལྷག་པར་ལྷོ་སྤྱིའི་འགན་ཁུར་ཞུས་སྐབས་རྒྱ་གར་ལྷོ་ཕྱོགས་མངའ་གཞུང་ཁག་གི་དཔོན་རིགས་དང་། ཡུལ་མི། ཧིན་བོད་མཛའ་འབྲེལ་ཚོགས་པ། ཕྱི་རྒྱལ་གཞུང་ཚབ་ཁག་བཅས་ལ་འབྲེལ་ལམ་དམ་ཟབ་ཞུས་ཏེ་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་། ཆབ་སྲིད། ཤེས་ཡོན། འཕྲོད་བསྟེན། སྤྱི་ཚོགས་ཡར་རྒྱས་བཅས་ལ་ཕན་རླབས་ཅི་ཆེ་བསྒྲུབས་ཡོད། དེ་བཞིན་ཁྱབ་ཁོངས་ལྷོ་ཕྱོགས་གྲོང་ཁྱེར་ཁག་ཏུ་ཡོད་པའི་སློབ་ཕྲུག་དང་ཚོང་པ་དཀའ་ངལ་ཅན་ལ་ལྟ་སྐྱོང་། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གཙོས་པའི་ལྷོ་ཕྱོགས་མཉམ་འབྲེལ་ཁག་ལ་རམ་འདེགས། ལྷོ་གཞིས་ཁག་ལྔའི་ལམ་ཆུ་གློག་གསུམ་གྱི་མཐུན་རྐྱེན་ཡར་རྒྱས་སོགས་ལ་རོགས་ཕན་མི་དམན་པ་བྱས། ཕྱོགས་མཚུངས་ལྷོ་སྤྱིའི་ལས་ཁུངས་དང་། ལྷོ་གཞིས་ལས་ཁུངས་ཁག་གི་འཛིན་སྐྱོང་དང་། འཛུགས་སྐྲུན། ཡར་རྒྱས་བཅས་ཀྱི་ཆེད་དུ་ཀར་ཎ་ཀྲ་ཀའི་མངའ་གཞུང་གི་སྔོན་རྩིས་ནས་གཏན་འཇགས་རོགས་དངུལ་ཐབས་འཚོལ་ཐོག་ད་བར་ས་ཡ་ ༥༠ ཞུས་ཐོབ་བྱུང་ཡོད། ལྷག་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷོ་ཕྱོགས་གཞིས་ཆགས་གཙོས་པའི་གྲོང་ཁྱེར་ཁག་ཏུ་ཆིབས་སྒྱུར་ལན་མང་བསྐྱངས་སྐབས་མངའ་གཞུང་ཁག་ལ་འབྲེལ་ལམ་གྱིས་ཆིབས་སྒྱུར་མཛད་འཆར་ལ་ཞབས་འདེགས་ཞུ་སྒོ་ཁག་འཐུས་གཙང་ཞུས་ངོར་དཔལ་ལྡན་སྐུ་སྒེར་ཡིག་ཚང་ནས་ལེགས་སོའི་ཕྱག་བྲིས་ཀྱང་གསོལ་རས་གནང་ཡོད་པ་དང་། ད་ལྟ་སྐབས་ ༡༧ པའི་སྤྱི་འཐུས་ཀྱི་ལས་ཁུར་ཞུ་བཞིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ། །

 

Menu