མིང་། ཚེ་རིང་དབྱངས་ཅན།

༄༅། །རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བདེ་སླར་དང་སློབ་གྲྭ་དབུས་མ་གཉིས་ནས་གཞི་རིམ་སློབ་གཉེར་དང་། ཕྱི་ལོ་ ༡༩༩༠ ལོར་མ་སུ་རི་གཏན་སློབ་ནས་འཛིན་རིམ་བཅུ་གཉིས་ཐོན་རྗེས་མེ་སོར་གཙུག་ལག་སློབ་གཉེར་ཁང་ནས་ལོ་ལྔའི་གཙུག་ལག་རབ་འབྱམས་པ་ (M.A) ས་ཁམས་རིག་པའི་ཐོག་གསེར་གྱི་རྟགས་མ་ (Bhoo-gola Shastra Gold Medal) ཐོབ། དེ་སྐབས་ཧུན་སུར་རྫོང་ཆོས་གྲྭ་ཚང་གི་སྤྱི་ཚོགས་ཞབས་ཞུའི་ཁོངས་དྭང་བླངས་ཐོག་མི་མང་ཉམ་ཐག་ཁག་ཅིག་ལ་ཕན་ཐོགས་ཕྲན་བུ་བསྒྲུབས། ཕྱི་ལོ་ ༡༩༩༦ ལོར་སྦེལ་ཀོབ་དབུས་ཉིན་སློབ་ཏུ་འཛིན་རིམ་དགུ་པ་ནས་བཅུ་གཉིས་བར་དགེ་རྒན་གྱི་ལས་ཚབ་ཞུས། ཕྱི་ལོ་ ༡༩༩༨   ལོར་ཤེས་རིག་བརྒྱུད་ནོར་ཝེ་སློབ་ཡོན་བྱ་དགའ་ལོ་གཉིས་རིང་ཐོབ་སྟེ་ཉེ་བའི་འབུམ་རམས་པ་ (M.Phil) ཐོན། དེའི་རིང་རྒྱལ་སྤྱིའི་ཀྲོན་གྲེམ་མཐུན་ཚོགས་དང་།      བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་སོགས་ལས་འགུལ་མང་པོར་མཉམ་ཞུགས་བྱས། སློབ་སྦྱོང་ཐོན་རྗེས་ཕྱི་དྲིལ་ཁོར་ཡུག་ཚན་པའི་ཉམས་ཞིབ་པའི་འགན་བླངས། དེ་སྐབས་ཕྱིའི་རྒྱལ་ཁབ་  (South Korea, Thailand, South Africa, Germany) སོགས་སུ་རང་གཞུང་གི་ངོ་ཚབ་དང་རྒྱ་གར་ནང་དུའང་ལན་མང་མཉམ་ཞུགས་བྱས། ནང་མིའི་དཀའ་སེལ་སླད་དགོངས་པ་ཞུས་རྗེས་གཞིས་ཆགས་སུ་ཕྲུ་གུའི་ཤེས་ཡོན་ཆེད་ཕ་མ་རྣམ་པར་ཕྲུ་གུ་གསོ་སྐྱོང་དང་སློབ་མར་མ་འོངས་མདུན་ལམ་སོགས་གང་འོས་གོ་སྒྲིག་ཞུས་ཏེ་སྤྱི་ཚོགས་ཞབས་འདེགས་ཕྲན་བུ་བསྒྲུབས། སྒེར་ངོས་ཡུ་རོབ་ཏུ་ལན་མང་དང་རང་ཡུལ་བོད་དུའང་བསྐྱོད་མྱོང་། ཕྱི་ལོ་ ༢༠༡༥ ལོར་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་གནང་བའི་ཕ་མའི་ཚོགས་འདུ་དང་ ༢༠༡༩ ལོར་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པར་སྦེལ་ཀོབ་བདེ་སླར་མི་མང་གི་ངོ་ཚབ་ཏུ་ཚོགས་བཅར་ཞུས་པ་དང་། ད་ལྟ་སྐབས་ ༡༧ པའི་སྤྱི་འཐུས་ཀྱི་ལས་ཁུར་ཞུ་བཞིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ། །

Menu