མིང༌། དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ།

༄༅། །སློབ་སྦྱོང་གི་བརྒྱུད་རིམ། ཆུང་དུས་སློབ་ཆུང་འགྲིམས་ཤིང་ཅུང་ན་སོན་དུས་འབའ་རྫིང་དགོན་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་འདོད་རྟ་དབྱངས་སོགས་ལ་སློབ་སྦྱོང་གནང་། ༡༩༩༢ ལོར་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ཞུགས་ཏེ་ ༢༠༠༩ བར་ལོ་ངོ་བཅུ་ཕྲག་གཉིས་མ་ཟིན་ཙམ་གྱི་རིང་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་ཚུལ་བཞིན་བྱས་འབྲས་བཀའ་པོད་ལྔ་སོ་སོའི་རབ་འབྱམས་པའི་ཕྱག་ཁྱེར་ཡང་རིམ་གྱིས་ཐོབ། དེ་ནས་དགེ་ལྡན་ལུགས་བཟང་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་འཛུལ་ཞུགས་ཀྱིས་བཀའ་རམས་ལོ་རིམ་གཉིས་དང་། སློབ་དཔོན་ལོ་རིམ་གཉིས། ལྷ་རམས་ལོ་རིམ་གཉིས་རིམ་བཞིན་ལེགས་པར་ཐོན་ཏེ་དགེ་བཤེས་ལྷ་རམས་པའི་དམ་འཇོག་གནང་།

འདས་པའི་ལས་དོན་ཇི་བྱས། ཁང་ཚན་གྱིས་ཚོགས་འདུ་རྒྱས་འཛོམས་ཐོག་རེ་སྐུལ་གྱིས་བསྐོ་བཞག་བྱུང་དོན་ལྟར། ལོ་ངོ་བཞིའི་རིང་སློབ་གཉེར་བའི་དཀའ་སེལ་སླད་གྲྭ་ཤག་དང་ཚོམས་ཆེན་གསར་རྒྱག་སོགས་ཀྱི་ཨར་ལས་ལས་གཞིའི་གཙོ་འགན་ཞུས། མོན་གྷོ་སེར་སྐྱ་གཉིས་ཀྱི་འོས་བསྡུའི་ལམ་ནས་འདེམས་ཐོན་བྱུང་བ་ལྟར་སྐབས་ ༡༧ དང་། ༡༨ ཀྱི་ས་གནས་རང་བཙན་ཚོགས་ཆུང་གི་ཚོགས་གཙོའི་ལས་འགན་ཞུས། མོན་གྷོ་ས་གནས་གྲོས་ཚོགས་སྐབས་ ༧ པའི་དྲུང་གཞོན་དང་སྐབས་ ༨ པ་དང་། ༩ པ་བཅས་ས་གནས་གྲོས་ཚོགས་ཀྱི་ལས་ཁུར་ཞུས། མདོ་ཁམས་སེར་སྐྱ་གཉིས་ཀྱིས་འོས་འདེམས་བྱུང་བ་བཞིན་སྐབས་ ༡༩ དང་སྐབས་ ༢༠ ཆུ་སྒང་དབུས་རྒྱུན་ཀྱི་ལས་ཁུར་ཞུས། སྐབས་དེ་དག་ཏུ་སྐབས་དང་པོའི་ཆུ་སྒང་དགེ་རྩ་ཚོགས་པ་གསར་འཛུགས་དང་འབྲེལ་དེའི་ཚོགས་གཙོ་དང་། རྡ་ས་ཆུ་སྒང་དབུས་ཡན་ལག་ལས་ཁང་གི་འགན་འཛིན་གཅིག་ལྕོགས་བྱས། སྐབས་ ༢༠ པའི་ཆུ་སྒང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་དངུལ་གཉེར་གྱི་ལས་ཁུར་ཞུས།

སྤྱི་འཐུས་ཀྱི་ལས་ཁུར་རིང་ལས་དོན་ཇི་བྱས། ༢༠༡༨ ལོར་གཞིས་བཞུགས་བོད་མིའི་བདེ་སྡུག་ཆེད་རྒྱ་གར་མངའ་སྡེ་ཁག་ལྔའི་བློན་ཆེན་དང་། གྲོས་ཚོགས་ཀྱི་འཐུས་མི། ཆབ་སྲིད་ཚོགས་པ་ཁག་གི་དཔོན་རིགས་རྣམས་ལ་མཇལ་བཅར་གྱིས་བོད་དོན་ཞུ་སྐུལ་གནང་། ༢༠༡༩ ལོར་ལ་ཏི་ཝི་ཡའི་རྒྱལ་ཁབ་ལ་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་མཉམ་ཞུགས་བྱས། ༢༠༡༩ ལོར་ཨ་རིའི་ནིའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་ས་གནས་གཞོན་ནུ་དང་ས་གནས་ཆུ་བཞི་སྒང་དྲུག་གཙོས་ཚོགས་པ་ཁག་གིས་རྒྱ་དམར་གཞུང་བཙུགས་ནས་ལོ་ངོ་ ༧༠ འཁོར་བར་ངོ་རྒོལ་ལས་འགུལ་ཆེན་མོར་མགྲོན་འབོད་ལྟར། དེར་ཆེད་བཅར་གྱིས་གཞིས་བཞུགས་བོད་མིའི་ད་ལྟའི་གནས་སྟངས་དང་མ་འོངས་གཅིག་སྒྲིལ་དགོས་པའི་འབོད་སྐུལ་ཡང་བྱས། ༢༠༡༩ ལོར་གཞིས་བཞུགས་བོད་མིའི་བདེ་སྡུག་ཆེད་ཡུ་རོབ་རྒྱལ་ཁབ་ཧྤ་རན་སི་དང་། སྦེལ་འཇེམ། ཧོ་ལན་ཌི་བཅས་ཀྱི་ནང་གི་གྲོས་ཚོགས་འཐུས་མི་དང་། དཔོན་རིགས་ཁག་ལ་བོད་ནང་གི་ད་ལྟའི་གནས་སྟངས་དང་། པན་ཆེན་ཆུང་སྲིད་རིན་པོ་ཆེས་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས་དང་། ཆོས་དད་རང་དབང་བཅས་ཀྱི་ཐོག་ཞུ་གཏུགས་བྱས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༩ པའི་ཚོགས་མི་དང་། རྒྱུན་ལས་ཀྱི་ལས་ཁུར་ཞུས། ཕྱི་ལོ་ ༢༠༢༡ ལོར་རི་བོ་དགེ་ལུགས་པའི་གྲྭ་བཙུན་གཉིས་ཀྱིས་འདས་པའི་ལས་དོན་རྣམས་གང་ལེགས་བྱུང་བར་ངོས་འཛིན་གྱིས་སླར་ཡང་སྐབས་ ༡༧ པའི་དགེ་ལུགས་སྤྱི་འཐུས་སུ་བདམས་ཐོན་བྱུང་བ་ལྟར། སྐབས་ ༡༧ པའི་སྤྱི་འཐུས་རྒྱུན་ལས་ཀྱི་ལས་ཁུར་ཞུ་མུས་ཡིན་པའི་ལོ་རྒྱུས་སྙིང་བསྡུས་སུ། །

Menu