མིང༌། མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས།

༄༅། །མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ནི་ཁམས་དཀར་ཛེས་ཀཿབྲག་གྲོང་དུ་སྐྱེས། ས་གནས་སློབ་གྲྭ་ནས་མཐོ་སློབ་བར་རིམ་པའི་སློབ་གཉེར་བྱས་ཏེ་སློབ་མཐར་སོན། ༡༩༩༦ ལོར་དཀར་མཛེས་ཟླ་ཐང་མ་ལྟེ་བའི་སློབ་ཆུང་གསུམ་པའི་དགེ་རྒན་བྱས། ༡༩༩༨ ལོར་ཆབ་སྲིད་ཀྱིས་རྐྱེན་རྒྱ་གར་དུ་ཕེབས་ཏེ་དཔལ་རྫོང་གསར་བཤད་གྲྭ་ཆེན་མོར་ཐོས་བསམ་སློབ་གཉེར་བྱས། ༡༩༩༩ ལོར་འཛམ་གླིང་རྒྱལ་སྤྱིའི་པན་གྱི་ཡན་ལག་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐོག་ཞུགས་པ་དང་འཛུལ་ཞུགས་བྱས། ཕྱི་ལོ་ ༢༠༠༠ ལོར་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་ཀྱི་འགན་བཞེས། ཕྱི་ལོ་ ༢༠༠༢ ལོར་དབུ་མ་དང་ཚད་མ། མངོན་པ་བཅས་ལ་གསན་སྦྱོང་ཚུལ་བཞིན་དུ་བྱས་ནས་བཀའ་རམས་པའི་ཕྱག་ཁྱེར་ཐོབ། ༢༠༠༥ ལོར་དབུ་མ་དང་ཚད་མ། ཕར་ཕྱིན་དང་མངོན་པ། འདུལ་བ་དང་སྡོམ་གསུམ་གཞུང་ཆེན་བཀའ་པོད་དྲུག་ལ་གསན་སྦྱོང་ཚུལ་བཞིན་བྱས་ནས་བཀའ་བཅུ་པའི་ཕྱག་ཁྱེར་ཐོབ། ༢༠༠༧ ལོར་གཞུང་ཆེན་གྲགས་ཆེན་བཅོ་བརྒྱད་ཆ་ཚང་གསན་སྦྱོང་ཚུལ་བཞིན་དུ་བྱས་ཏེ་རྒྱུགས་སྤྲོད་གནས་རིམ་དང་པོའི་སློབ་དཔོན་གྱི་ཕྱག་ཁྱེར་ཐོབ། ༢༠༠༧ ལོའི་ཟླ་བ་ ༣ པའི་ཚེས་ ༡༢ ཉིན་རྫོང་གསར་གཙུག་ལག་སློབ་གཉེར་ཁང་གི་འཛིན་སྐྱོང་ལྷན་ཚོགས་ནས་སྤྱི་མོས་ཐོག་གཞུང་ལུགས་རབ་འབྱམས་སྨྲ་བའི་མཁན་པོའི་ཅོད་པན་གྱི་མཚན་གནས་གནང་སྟེ་བལ་ཡུལ་ཁྲ་རིགས་བཤད་གྲྭའི་མཁན་པོར་མངའ་གསོལ་ནས་ལོ་ངོ་དྲུག་ཙམ་བཤད་གྲྭའི་ལས་ཐོག་མཁན་པོའི་འགན་འཁུར་བཞེས་པ་སོགས་ལས་གནས་འདྲ་མིན་ཐོག་འགན་འཁུར་ཞུས་མྱོང་། བོད་ཁྱིམ་སློབ་གྲྭར་ལྟ་གྲུབ་སློབ་དཔོན་ལོ་དྲུག་ཙམ་བྱས། སྔ་ཕྱིར་བོད་དང་རྒྱ་གར་བཅས་སུ་དཔར་སྐྲུན་ཟིན་པ་ཕྱག་དཔེ་བཅུ་གསུམ་ཙམ་དང་དཔར་སྐྲུན་མ་བྱས་པ་བཞི་ལྔ་ཙམ་ཡོད་འདུག དྲྭ་ཚིགས་དང་དུས་དེབ་སོགས་སུ་འགྲན་རྩོམ་དང་རྩོམ་རིགས་གང་མང་སྤེལ། སྐབས་བཅུ་དྲུག་པའི་དཔལ་ལྡན་ས་སྐྱའི་སྤྱི་འཐུས་འོས་འདེམས་བྱུང་བ་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་དྲུང་ཆེ་དང་། མང་ཚོགས་རྩིས་ཁྲ་ཚོགས་ཆུང་སྐབས་དགུ་པའི་དྲུང་ཆེ། རྒྱུན་ལས་ཀྱི་ཆབ་སྲིད་སྡེ་ཚན། རྒྱུན་འབྲེལ་སྡེ་ཚན། འཛིན་སྐྱོང་སྡེ་ཚན་བཅས་སུ་འགན་འཁུར་བཞེས་ཡོད་པ་མ་ཟད། རྒྱུན་ལས་ཀྱི་འགན་འཁུར་དང་ཁམས་པའི་སྨྱུག་ཚོགས་ཀྱི་ཚོགས་གཙོའི་འགན་འཁུར་ཞུས་མྱོང་བ་དང་། སླར་ཡང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་སུ་འོས་འདེམས་བྱུང་ནས་རྒྱུན་ལས་ཀྱི་འགན་འཁུར་ཞུ་མུས་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ། །

 

 

Menu