མིང༌། བསྟན་པ་ཡར་འཕེལ།

༄༅། །བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་ནི། ཕྱི་ལོ་ ༡༩༧༩ ལོར་བོད་མདོ་ཁམས་ཆབ་མདོ་རྫ་རྒྱུད་རྒྱ་ཚན་ཞེས་པའི་གྲོང་ཚོར་སྐྱེས་ཤིང་། ཆུང་དུས་དོན་བརྒྱུད་དཔལ་ལྡན་འབྲུག་པའི་གདན་ས་མཚན་ཉིད་དགོན་རྣམ་རྒྱལ་ཆོས་འཁོར་གླིང་དུ་ཆོས་ཞུགས་ཀྱིས་འབྲུག་ལུགས་ཆོས་སྤྱོད་བློ་འཛིན་ནས་བརྩམས་ཏེ་དགོན་པའི་འདོན་རྟ་དབྱངས། འཆམ་གར་སྟབས་སོགས་ལ་སྦྱངས། དེ་རྗེས་༸རྒྱལ་བ་མདོ་ཁམས་པ་ཆེན་པོའི་གདན་ས་ཁམས་པ་སྒར་དཔལ་ཕུན་ཚོགས་ཆོས་འཁོར་གླིང་དང་། གསེར་རྟ་བླ་རུང་ཆོས་སྒར་བཅས་སུ་གཞུང་ཆེན་ཁག་ལ་སློབ་གཉེར་བྱས། ཕྱི་ལོ་ ༢༠༠༡ ལོར་བཙན་བྱོལ་དུ་འབྱོར་ཏེ་རྒྱ་གར་ལྷོ་ཕྱོགས་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་རི་བོ་དགེ་ལྡན་པའི་གཞུང་ཆེན་རིགས་ལམ་ཁག་ལ་ལོ་མང་རིང་སྦྱང་བརྩོན་བྱས།

ཕྱི་ལོ་ ༢༠༠༤ ལོར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ། བོད་ཀྱི་ལོ་རྒྱུས་དང་། བརྡ་སྤྲོད། རྩོམ་རིག ནང་ཆོས་བཅས་ལ་ལོ་ངོ་ལྔ་རིང་སྦྱང་བརྩོན་གྱིས་ཕྱི་ལོ་ ༢༠༠༨ ལོར་བསླབ་པ་མཐར་སོན་ཏེ་བོད་གཞུང་ཤེས་རིག་ལས་ཁུངས་ནས་མཐོ་རིམ་རིག་གནས་རབ་འབྱམས་པའི་ཕྱག་ཁྱེར་ཐོབ། ཕྱི་ལོ་ ༢༠༠༩ ནས་ལོ་གསུམ་རིང་རང་གཞུང་ཆོས་རིག་ལས་ཁུངས་སུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི། གཡུང་དྲུང་བོན་དང་བཅས་པའི་དགོན་སྡེ་ཁག་ ༣༠༠ ལྷག་གི་ལོ་རྒྱུས་དེབ་ཕྲེང་རྩོམ་སྒྲིག་བྱས།

ཕྱི་ལོ་ ༢༠༡༡ ལོར་སྐབས་ ༡༥ པའི་བོད་མི་མང་བཀའ་བརྒྱུད་སྤྱི་འཐུས་སུ་ཐོག་མར་འདེམས་ཐོན་བྱུང་བ་ནས་བཟུང་། ད་ལྟའི་སྐབས་ ༡༦ པའི་བོད་མི་མང་བཀའ་བརྒྱུད་སྤྱི་འཐུས་སུ་མུ་མཐུད་འདེམས་ཐོན་བྱུང་བ་བཅས་ལོ་ངོ་བཅུའི་རིང། གྲོས་ཚོགས་ཚོགས་དུས་གཅིག་ཀྱང་མ་ཆད་པར་གྲོས་ཚོགས་ཀྱི་ལས་རིམ་ཁག་ལ་ཆ་ཤས་བླངས་པ་ཟད། སྐབས་དུས་སོ་སོར་གཞུང་དོན་ས་བགོས་ཕྱོགས་སྐྱོད། རྒྱ་གར་གྱི་དཔོན་རིགས་མཇལ་འཕྲད། གཞན་ཡང་ཨ་རི། ཁེ་ན་ཌ། ཧྥ་རན་སི། སྦེལ་ལྗམ། ཧོ་ལན། སུད་སི། ཨོ་སུ་ཀྲོ་རིས་ཡ་བཅས་སུ་ཆེད་བཅར་གྱིས་བོད་ཀྱི་ཆོས་དང་རིག་གཞུང་ངོ་སྤྲོད། བོད་དོན་བདེན་མཐའ་གསལ་ཐབས་སུ་རང་ནུས་གང་ཡོད་ཀྱིས་ལས་དོན་འགན་འཁུར་ཞུ་མུས་ཐོག་ཕྱི་ལོ་ ༢༠༢༡ ལོར་མུ་མཐུད་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་སུ་འདེམས་ཐོན་བྱུང་སྟེ་སྤྱི་འཐུས་རྒྱུན་ལས་ཀྱི་ལས་འགན་བཞེས་བཞིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ། །

Menu